ཟླ་བ་ ༡ ཚེས ༩ ༢༠༡༨
Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༩ རེས་གཟའ་མིག་དམར།

༄༅། །ཕྱི་དྲིལ་སྒྲ་བརྙན་ཚན་པས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུ་མཁན་ཨ་ནི་ཏ་ Dr Anita ལགས་ལ་བཅར་འདྲི་ཞུས་སྐབས། ཨ་ནི་ཏ་ Dr Anita ལགས་ཀྱིས་གཙོས་ནཱ་ལེནྡྲ་ཤིག་ཤ་ Nalanda Shiksh ཚོགས་མི་རྣམས་ཀྱིས་ཐེངས་འདིའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་ལེགས་གྲུབ་བྱུང་བ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་བླ་ན་མེད་པ་གནང་བར་བརྟེན་ནས་བྱུང་བ་ཡིན་སྟབས། ན་ལེནྡྲ་ཤིག་ཤ Nalanda Shiksh ཚོགས་མི་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད།


རྒྱ་གར་ནང་ན་ལེནྡྲ་ཤིག་ཤའི་ Nalanda Shiksh ཚོགས་པ་ལྟེ་གནས་ཁང་ ༡༧ ཡོད་པ་དང་། ཆོས་ཚོགས་དེས་ན་ལེནྡྲའི་ཆོས་བརྒྱུད་དང་འབྲེལ་བའི་སྤྱི་ཚོགས་ལ་ཕན་པའི་ལས་འགུལ་རྩོམ་གྱི་ཡོད་པ་རེད། ལོ་བརྒྱད་ཙམ་གྱི་གོང་ལ་ང་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་འབྲེལ་སྩོལ་རྒྱུའི་རེ་འདུན་ཞུས་པར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་དོན། ན་ལེནྡྲ་ཤིག་ཤའི་ Nalanda Shiksh ཚོགས་པ་གཅིག་པུ་མ་ཡིན་པ། ན་ལེནྡྲ་ཤིག་ཤ་ཚོགས་པའི་ལྟེ་གནས་ཁང་ཆ་ཚང་ལ་ཆོས་འབྲེལ་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་གསུངས་བྱུང་།

ང་ཚོས་དེ་སྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སན་ཀི་སཱར་གསུང་ཆོས་སྐབས་ཆོས་ཞུ་བ་མི་གྲངས་ ༦༠༠༠༠ བཅར་ཡོད་པ་དང་། མུམ་བྷེའི་གསུང་ཆོས་སྐབས་ཆོས་ཞུ་བ་མི་གྲངས་ ༨༠༠༠ བཅར་ཐུབ་ཡོད། ང་ཚོས་གནས་མཆོག་རྡོ་རྗེ་གདན་དུ་གོ་སྒྲིག་ཞུས་པ་འདི་ཐེངས་དང་པོ་ཆགས་ཡོད། ང་ཚོས་གསུང་ཆོས་གོ་སྒྲིག་ཞུས་ནས་ལོ་བདུན་པ་དེ་འགྲོ་གི་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ལྡན་ཕོ་བྲངཡིག་ཚང་གི་རྒྱབ་སྐྱོར་དང་རོགས་རམ་ལ་མ་བརྟེན་པར་གསུང་ཆོས་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་དགོས་ན་ཧ་ཅང་དཀའ་ལས་ཁག་པོ་རེད་སྙམ།

ཐེངས་འདིའི་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་སྐབས་ན་ལེནྡྲ་ཤིག་ཤ་ཚོགས་པའི་ཚོགས་མི་ཆོས་ཞུ་བ་ ༢༠༠༠ བཅར་ཡོད། ལྡི་ལི་ནས་ཕེབས་པའི་མཐོ་རིམ་སློབ་མ་ ༣༠༠ དང་། ཅན་དྷི་སྒར་དང་ཇམ་མུ་ནས་ ༢༠༠ དང་། རྡོ་རྗེ་གདན་ས་གནས་ཁུལ་ནས་སློབ་ཕྲུག་ ༦༠༠ བཅར་ཡོད་པ་དང་། གཞན་ཡང་ཇམ་མུ་དང་ཀ་ཤི་མིར། ཧི་མ་ཅལ་མངའ་སྡེ་དང་ཨུ་ཏར་པྲ་དེཤ། གྷོ་བ། ཨན་དཱ་ར། ཊཱ་མིལ་ནཱ་རྡུ། ཀར་ནཱ་ཊ་ཁཱ། སི་ཀིམ། ཨོ་ཊི་ཤཱ་བཅས་དང་། ཁྱོན་རྒྱལ་ཁབ་ ༦༩ ནས་མི་རིགས་འདྲ་མིན་གྱི་སེར་སྐྱ་མང་ཚོགས་ ༥༠༠༠༠ བརྒལ་བ་བཅར་ཡོད།

ཕྱི་ལོ་ ༢༠༡༢ ནས་ནས་བཟུང་ན་ལེནྡྲ་ཤིག་ཤ་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསུང་ཆོས་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། ན་ལེནྡྲ་ཤིག་ཤ་ཚོགས་པའི་ཚོགས་མི་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ལོ་དང་། ༢༠༡༣། ༢༠༡༦ བཅས་ལ་གསུང་ཆོས་བསྩལ་ཡོད་པ་དང་། དེ་བཞིན་དུ་ཕྱི་ལོ་ ༢༠༡༤ ལོར་མུམ་བྷེ་དང་། ཕྱི་ལོ་༢༠༡༥ ལོར་སན་ཀི་སཱ། ཕྱི་ལོ་ ༢༠༡༥ དང་ ༢༠༡༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་བསྩལ་ཡོད།

ན་ལེནྡྲ་ཤིག་ཤ་ཚོགས་པའི་ཚོགས་མི་ཚོར་ན་ལེནྡྲའི་ཆོས་བརྒྱུད་དེ་དག་རྒྱ་གར་ནང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་མ་ཟད། ན་ལེནྡྲའི་ཆོས་བརྒྱུད་ཁག་གི་ནང་ནས་གསུངས་པའི་སྒོམ་དང་ལྟ་གྲུབ། སེམས་ཁམས་རིག་པ་སོགས་ལ་དོ་སྣང་དང་། ཉམས་ལེན་ཡང་བྱེད་ཀྱི་ཡོད་པ་བརྗོད་འདུག །

Share with your friends










Submit