ཟླ་བ་ ༡ ཚེས ༡༢ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༡༢ རེས་གཟའ་པ་སངས།

 

༄༅། །ཕྱི་ལོ་༢༠༡༨ ཟླ་༡ ཚེས་༡༢ རེས་གཟའ་པ་སངས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡ ཐོག་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་བོད་ཀྱི་འགྲེམས་སྟོན་ཁང་དང་ཤེས་ཡོན་བསྟི་གནས་ཁང་གསར་སྐྲུན་གྱི་ལས་གཞི་འགྲོ་མུས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།

དེ་ཡང་གོང་ཚེས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས།  གསར་འགོད་པ་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༢༠ ལྷག་བཅས་ཚང་འཛོམས་ཀྱི་ཐོག་མར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགྲེམས་སྟོན་ཁང་དང་ཤེས་ཡོན་བསྟི་གནས་ཁང་གསར་པའི་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས་བསྟུན།

དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ནང་དོན་བཀོད་རིས་དང་། བརྗོད་གཞི་སོགས་དང་འབྲེལ་བའི་སྒྱུ་རྩལ་འགྲན་བསྡུར་ཞིག་གསལ་བསྒྲགས་གནང་དོན།

ཉིན་གཉིས་རིང་འགྲེམས་སྟོན་ཁང་གསར་པའི་ལས་གཞིའི་ཆེད་དུ་ནང་དོན་བཀོད་སྒྲིག་གནང་མཁན་དང་། སྤྱི་ཡོངས་ཀྱི་འགན་ཁུར་གནང་སྟངས་ཐོག་གི་ཟབ་སྦྱོང་དེ་རིང་མཇུག་སྒྲིལ་བ་རེད།  འགྲེམས་སྟོན་ཁང་གསར་པའི་ནང་ལ་གཏན་འཇགས་ཀྱི་བརྗོད་གཞི་ཁག་ནི་བཙན་བྱོལ། དེང་རབས་ཀྱི་བོད། ཁོར་ཡུག བོད་ནང་གི་ཞི་རྒོལ་སོགས་ཀྱི་གནད་དོན་ཁག་མི་འདྲ་བ་བཅུ་གཅིག་ཙམ་ཡོད།  གཏན་འཇགས་བརྗོད་གཞིའི་ནང་ནས་གལ་ཆེ་ཤོས་ནི་དྲན་གསོ་ཡིན། བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དེ་དྲན་གསོའི་འགྲེམས་སྟོན་ལྟ་བུ་ཆགས་ཡོད།

ལྷག་པར་དུ་བོད་རྒྱལ་ཁབ་ཀྱི་དོན་དུ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་འདས་གྲོངས་སུ་གྱུར་བ་རྣམས་དྲན་གསོ་བྱ་དགོས་པ་ང་ཚོས་ལས་འགན་རེད།  དེའི་སླད་ང་ཚོས་ཕྱི་ནས་ཆེད་མངགས་ཆེད་ལས་པ་སྐད་མ་བཏང་བར་བོད་མི་དང་བོད་དོན་ཐོག་དོ་དབྱིངས་ཡོད་མཁན་རྣམས་ནས་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏོན་ཏེ་སྒྱུ་སྩལ་གྱི་ལམ་ནས་དྲན་གསོ་བྱ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེའི་ཆེད་དུ་མ་དངུལ་སྒོར་འབུམ་གཅིག་བཞག་ཡོད། ཅེས་དེ་རིང་འདིར་གསལ་བསྒྲགས་ཞུ་རྒྱུ་ཡིན། གསལ་བསྒྲགས་དེ་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༢ འགོ་འཛུགས་ཀྱིས་ཟླ་ ༣ ཚེས་ ༡༠ བར་ཉིན་མཐའ་མ་དེ་ཆགས་ཀྱི་ཡོད། ཅེས་གསུང་བཤད་གནང་།

དེ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་འགྲེམས་སྟོན་ཁང་དང་འབྲེལ་བའི་ཆེད་ལས་སློབ་སྦྱོང་སླད་དུ་དམིགས་བསལ་སློབ་ཡོན་གསལ་བསྒྲགས་གནང་དོན།

ད་ལྟ་ངས་འདི་ནས་མར་གསལ་བསྒྲགས་ཞུ་རྒྱུར། ད་ལྟའི་ཆར་ང་ཚོའི་འགྲེམས་སྟོན་ཁང་དུ་ཕྱག་ལས་གནང་མཁན་རྣམས་ལ་འགྲེམས་སྟོན་དང་འབྲེལ་བའི་སློབ་སྦྱོང་དང་སྦྱོང་བརྡར། ཉམས་མྱོང་མེད་པའི་ཆ་ནས་དཀའ་ངལ་ཞིག་རང་བཞིན་འཕྲད་བཞིན་འདུག  དེར་བརྟེན་ལས་བྱེད་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག  རྒྱལ་སྤྱིའི་རང་བཞིན་ལྡན་པའི་འགྲེམས་སྟོན་ཁང་ཚད་ལྡན་ཞིག་ཡོང་བར་ལས་བྱེད་ལ་སྦྱོང་བརྡར་དང་ཤེས་ཡོན་ཡོད་པ་ཞིག་དགོས་ཀྱི་ཡོད། དེ་འདྲ་ཡིན་པའི་ཆ་ནས་འགྲེམས་སྟོན་ཁང་ནས་ད་ལྟའི་ཆར་ལས་འཆར་ཞིག་གཏན་འབེབས་གནང་ཡོད།  ཕྱག་དངུལ་འབུམ་གཉིས་ཟུར་བཅད་གནང་ཡོད། བོད་རིགས་སུ་འདྲ་ཞིག་ཡིན་རུང་འགྲེམས་སྟོན་དང་འབྲེལ་བའི་ཐོག་སློབ་སྦྱོང་བྱ་འདོད་དང་དོ་སྣང་ཡོད་པ་ཡིན་ན། ང་ཚོས་འགྲེམས་སྟོན་དང་འབྲེལ་བའི་གཙུག་ལག་རབ་འབྱམས་ MA པའི་སློབ་ཡོན་གནང་རྒྱུ་ཡིན་ཞེས་གསལ་བསྒྲགས་ཞུ་རྒྱུ་ཡིན།

འགྲེམས་སྟོན་དང་འབྲེལ་བའི་གཙུག་ལག་རབ་འབྱམས་ MA པའི་སློབ་སྦྱོང་ཐོག་ལོ་གཉིས་རིང་སློབ་ཡོན་གསལ་བསྒྲགས་ཞུ་གི་ཡོད། འགྲེམས་སྟོན་དང་འབྲེལ་བའི་སློབ་ཡོན་དེ་བཀའ་ཤག་ལ་སྙན་སེང་ཞུས་ནས་བཀའ་འཁྲོལ་ཐོབ་པ་ཞིག་རེད།  འགྲེམས་སྟོན་ཚན་པ་ནས་འགྲེམས་སྟོན་དང་འབྲེལ་བའི་སློབ་སྦྱོང་གནང་སའི་མཐོ་སློབ་ཁག་རིམ་པས་ལམ་སྟོན་དང་མཐོ་སློབ་ནང་འཚུད་པར་རྒྱབ་སྐྱོར་གནང་ཡོང་གི་རེད། འགྲེམས་སྟོན་དང་འབྲེལ་བའི་སློབ་ཡོན་དང་དེར་དགོས་ངེས་ཀྱི་ཆ་རྐྱེན་ཁག་རིམ་པས་ཤེས་རིག་ལས་ཁུངས་བརྒྱུད་ནས་གསལ་བསྒྲགས་གཏང་རྒྱུ་དང་།  མི་ལ་རྒྱུ་དགོས་ཀྱི་ཡོད། འོན་ཀྱང་རྒྱུ་དེ་ལས་གཞི་ཇི་འདྲ་ཞིག་བརྩམས་རུང་དེ་དང་འབྲེལ་བའི་ཐོག་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་།

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་གསུངས་པ་ལྟར།  སྐབས་ ༡༥ བཀའ་ཤག་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ཚོགས་འདུ་ཚོགས་ཡོད། དེ་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་སྤེལ་མུས་ཡིན། རྩ་བའི་ང་ཚོའི་དམིགས་ཡུལ་གཙོ་བོ་ནི།   ལོ་ལྔའི་ནང་དབུ་མའི་ལམ་གཞི་ལ་བཞག་པའི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་པ་བརྒྱུད་གཞི་རྩའི་རང་དབང་བསྐྱར་གསོ་ཡོང་ཐབས་གཙོ་ཆེ་ཤོས་རྩི་བཞིན་ཡོད་པ་མ་ཟད། འདིའི་ཐོག་འབད་བརྩོན་གནང་དང་གནང་མུས་རེད། འོན་ཀྱང་འདི་དང་མཉམ་དུ་ལོ་ལྔ་བཅུའི་འཆར་གཞི་སྒྲིག་དགོས་ཀྱི་ཡོད་སྟབས། བོད་ཀྱི་རྩ་དོན་དང་བོད་མིའི་སྒྲིག་འཛུགས་གནས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། ལྷན་ཁང་ཁག་རེ་རེ་ལ་ལས་གཞི་ཁག་མང་པོ་ཡོད།

རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཤེས་པ་བྱེད་རྒྱུ་དང་། རྒྱབ་སྐྱོར་ཐོབ་སླད་ད་ལྟའི་གནས་སྟངས་དང་བོད་ཀྱི་ལོ་རྒྱུས་ཆ་ཚང་གོ་རྟོགས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག  དེར་བརྟེན་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་ ༦༠ དང་། དེ་སྔོན་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དེ་དག་འགྲེལ་བཤད་རྒྱག་སྐབས་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད།  བོད་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་གནས་སྟངས། བོད་མིའི་སྒྲིག་འཛུགས་ནས་གང་གནང་གི་ཡོད་པ་དེ་དག་ཚང་མ་ཞུས་པ་ཡིན་ན། སྐར་མ་བཅོ་ལྔ་དང་ཆུ་ཚོད་ཕྱེད་ཀའི་ནང་ཚར་རྒྱུ་མེད།

དེར་བརྟེན་གངས་སྐྱིད་ཁུལ་གྱི་ལས་ཁུངས་ཚང་མ་བོད་བཟོ་ལྟར་བཟོ་བཞིན་ཡོད་པའི་རྒྱུ་མཚན་ནི། བཞུགས་སྒར་རྡ་ས་ཟེར་དུས་ཚང་མས་བོད་དང་འབྲེལ་བ་ཆེན་པོ་ཞིག་ཡོད་རེད་དྲན་གྱི་ཡོད། གནད་ཡོད་མི་སྣ་དང་ཡུལ་སྐོར་སྤྲོ་འཚམ་པ་མང་པོ་མཇལ་བྱུང་། ཁོང་ཚོས་གཙུག་ལག་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། ནོར་བུ་གླིང་ཁ་བཅས་ལས་གཞན་མཇལ་རྒྱུ་མི་འདུག དེར་བརྟེན་བོད་ཆུང་ཆུང་ Little Tibet or Little Lhasa ཞིག་བཟོ་ཐུབ་ན་བསམས་པའི་ཐོག་ནས་གངས་སྐྱིད་ཁུལ་གྱི་ལས་ཁུངས་ཚང་མ་བོད་བཟོ་སྒྱུར་བ་ཡིན་ན། ཕྱི་ནས་ལྟ་བ་དང་བོད་ནང་རྒྱ་ནག་གཞུང་གི་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་གཏོང་གི་ཡོད། བོད་རྒྱ་སྡེར་སྒྱུར་གྱི་ཡོད། བོད་མི་རྒྱ་མིར་སྒྱུར་གྱི་ཡོད་བརྗོད་དུས་ཕྱིའི་སྒྱུ་རྩལ་ཐོག་ནས་ཀྱང་སྒྱུར་གྱི་ཡོད། བོད་ཀྱི་སྒྱུ་རྩལ་གང་འདྲ་ཡོད་དམ་ཞེ་ན། གངས་སྐྱིད་དུ་ཕེབས་དུས་བོད་པའི་སྲོལ་རྒྱུན་ཁང་པའི་བཟོ་དབྱིབས་འདི་ལྟར་རེད། ཅེས་སྟོན་ཐུབ་ན་ཧ་ཅང་ཡག་པོ་ཡོང་ས་རེད། ཅེས་གཅིག་འདི་རེད།

དེ་ནས་འདིར་ཕེབས་རྗེས་འགྲེམས་སྟོན་ཁང་ཆེན་པོ་ཞིག་དགོས་ཀྱི་འདུག འགྲེམས་སྟོན་ཁང་གི་ནང་ཕེབས་རྗེས་བོད་ཀྱི་ལོ་རྒྱུས་འདི་འདྲ་རེད་འདུག བོད་རྒྱལ་ཁབ་ནི་ཆུང་ངུ་མིན་པར་ཆེན་པོ་རེད་འདུག རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་རེད་འདུག རྒྱ་ནག་གིས་བཙན་བཟུང་བྱེད་སྐབས་དེ་ལྟར་བྱས་འདུག བོད་པའི་ཆོས་དང་རིག་གཞུང། སྐད་ཡིག ཁོར་ཡུག་གཏོར་བཤིག་འདི་ལྟར་བཏང་འདུག ད་ལྟའི་ཆར་ཆབ་སྲིད་ཐོག་ནས་དམ་བསྒྲགས་འདི་ལྟར་འདུག སྤྱི་ཚོགས་ཐོག་ནས་དབྱེ་འབྱེད་འདི་ལྟར་གཏོང་གི་འདུག དཔེར་ན། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་དྲན་རྟེན་གྱི་ཁང་པ་ཞིག་གི་ནང་ཁང་ཆུང་ཞིག་ཡོད་པའི་ནང་འཛམ་གླིང་ནང་རྒྱལ་ཁབ་འཛིན་བཟུང་བྱས་ཟིན་པའི་རྗེས་ཀྱི་སྐབས་ཡིན་ནའང་རེད། མི་སེར་སྤེལ་ཡུལ་ནང་ཚུད་པའི་ནང་དུ་ཡིན་ནའང་རེད།བོད་མི་ས་ཡ་གཅིག་དང་འབུམ་གཉིས་མེད་པ་ཆགས་པ་རེད་ཟེར་དུས་ད་ལྟའི་ཆར་འཛམ་གླིང་ནང་གྲངས་ཀ་མཐོ་ཤོས་གྲངས་ལ་ཚུད་ཀྱི་ཡོད།

ང་ཚོས་འཆར་གཞི་སྒྲིག་པ་ནང་བཞིན་ཡོང་གི་འདུག་པ་མ་ཟད། ཅ་ལག་དེ་འདྲ་ཞལ་འདེབས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། འགྲེམས་སྟོན་ཁང་གི་ནང་ཆས་གསར་ཉོ་སླད་འབུམ་ ༦༠༠ འགྲོ་རྒྱུ་རེད་འདུག དེའི་ནང་ནས་འབུམ་ ༣༥༠ འཚོལ་ཐུབ་པ་བྱུང་། འབུམ་ ༢༥༠ ལས་དགོས་ཀྱི་མི་འདུག དེ་ཐད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་ང་ཚོ་ཚང་མ་ས་གནས་གང་སར་ཕེབས་རྒྱུ་རེད། ས་གནས་ཁག་ལ་ཕེབས་པ་གཞིར་བཟུང་རོགས་དངུལ་དེ་འདྲ་ཐོབ་ཐུབ་རྒྱུའི་རེ་བའང་ཡོད། རོགས་དངུལ་དེ་འདྲ་གནང་མཁན་ཡོད་ན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། བོད་མི་ནང་ཁུལ་ནས་ཞལ་འདེབས་གནང་མཁན་དེ་འདྲ་ཡོད་ན་ང་ཚོས་ཕྱི་མི་ལའང་མིག་དཔེ་ཆགས་ངེས། ཞེས་སོགས་ཀྱི་གསུང་བཤད་གནང་།།

Share with your friends










Submit