ཟླ་བ་ ༡ ཚེས ༨ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་༢༠༡༨ ཟླ་ ༡ ཚེས་ ༨ རེས་གཟའ་ཟླ་བ།


༄༅། ། བོད་ཀྱི་སྐད་ཡིག་གི་སློབ་གསོའི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་འཛུགས་འོག་ཕྱི་ལོ་༢༠༡༨ ཟླ་ ༡ ཚེས་༤ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཆུ་ཚོད་བཞིའི་རིང་ཁྲིམས་བཤེར་བྱས་ཀྱང་ཁྲིམས་ཐག་བཅད་མེད་པ་རེད། གལ་ཏེ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་ཡོག་བྱས་ཏེ་བཙན་གྱིས་ཁོང་ལ་ཉེས་པ་ཁས་ལེན་བྱས་བཅུག་ཚེ་ལོ་ངོ་བཅོ་ལྔའི་བཙོན་འཇུག་བྱེད་སྲིད་པ་རེད་འདུག

རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་སྐྱོན་འཛུགས་སྣ་ཚོགས་ཤིག་བྱས་ཡོད་ནའང་ཁྲིམས་ཐག་གཅོད་སྐབས་ཁ་གསལ་ཞིག་བྱས་མེད་པ་རེད། དཔེར་ན་དེ་སྔ་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལགས་ལ་འབར་རྫས་བཀས་ཐོར་བྱས་པའི་མ་ཉེས་ཁ་ཡོག་འོག་བཙོན་འཇུག་གིས་མཐར་སྐུ་གྲོངས་ཡོད་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་གནའ་རྫས་རྐུ་འཁྱེར་བྱས་པའི་ཉེས་འཛུགས་ཀྱིས་མི་ངོ་༡༥ རིང་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། དེ་བཞིན་དུ་ལྷ་ས་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ལགས་ལའང་རྒྱ་ནག་གཞུང་གིས་བོད་མིའི་སྒྲི་འཛུགས་ཀྱི་ཚོགས་པ་ཁག་ལ་མ་དངུལ་ཕོན་ཆེན་པོའི་རྒྱབ་སྐྱོར་གནང་བའི་མ་ཉེས་ཁ་ཡོག་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད།

དེ་སྔོན་ནེའུ་ཡོག་དུས་བབ་ཀྱིས་ལོ་ན་༣༢ ལ་སོན་པའི་བཀྲ་ཤིས་དབང་ཕྱུག་ལགས་སུ་བཅར་འདྲི་བྱས་པའི་ (བདེན་དོན་གྱི་ཆེད་དུ་བོད་མི་ཞིག་གི་འགྲུལ་བཞུད) A Tibetan’s Journey for Justice ཅེས་པའི་བརྙན་ཐུང་དེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀྲམ་རྗེས། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་འཛིན་བཟུང་གིས་བཀག་ཉར་བྱས་ཏེ་ད་བར་ལོ་ངོ་ ༢ འགྲོ་བཞིན་ཡོད་པ་རེད། བརྙན་ཐུང་དེའི་ནང་ཡུལ་ཤུལ་ས་གནས་སྲིད་གཞུང་གིས་བོད་པའི་སློབ་སློབ་གྲྭ་ཁག་གི་ནང་བོད་ཡིག་སྦྱངས་མ་བཅུག་པ་དང་། བོད་ཡིག་ཚབ་ཏུ་རྒྱ་ཡིག་བཙན་གྱིས་སྦྱངས་བཅུག་པར་བརྟེན། བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སྦྱོང་ཆོག་པའི་ཆེད་ཞུ་གཏུག་ཏུ་འགྲོ་གི་ཡོད་པ་ཞིག་བསྟན་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིང་ཞོ་ཅུན་གྱིས་གསུང་དོན། རྒྱ་ནག་གཞུང་གིས་དེ་སྔོན་ནེའུ་ཡོག་དུས་བབ་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་སུ་བཅར་འདྲི་བྱས་པའི་ (བདེན་དོན་གྱི་ཆེད་དུ་བོད་མི་ཞིག་གི་འགྲུལ་བཞུད) A Tibetan’s Journey for Justice ཅེས་པའི་བརྙན་ཐུང་དེ་ཁྲིམས་རའི་ནང་དཔང་རྟགས་གཙོ་བོར་གཞིར་བཞག་སྟེ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་བརྩམས་པ་རེད་ཅེས་བརྗོད་ཡོད་ཀྱང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སྦྱོང་ཆོག་པའི་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས་རང་བཙན་གཙང་མ་རྩོད་ཀྱི་མེད་པའི་སྐོར་བརྗོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དང་བླངས་ཐོག་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ལྟར་གྲངས་ཉུང་མི་རིགས་དང་བོད་པ་ཚོར་སྐད་གཉིས་བེད་སྤྱོད་གཏོང་ཆོག་པའི་ཆ་རྐྱེན་འོག་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་ཆོག་པའི་ལས་འགུལ་བརྩམས་པ་རེད། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་དྲང་བདེན་གྱིས་ཁྲིམས་ཐག་གཅོད་མིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་རྩ་ཁྲིམས་ནང་གསལ་གྱི་དོན་ཚན་ཁག་ལ་བརྩི་སྲུང་ཞུས་མིན་ལ་རག་ལུས་པ་ཞིག་རེད་ཅེས་གསུངས་པ་རེད།

རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ལོར་བཙོན་བཅུག་བྱས་པ་ནས་བཟུང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ Human Rights Watch དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ Amnesty International པན་ཨ་མི་རི་ཀ PEN America རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། China Director at Human Rights Watch སྤྱིའི་བོད་དོན་ལས་འགུལ་ཚོགས་པ་ International Campaign for Tibet བཅས་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་དྲང་བདེན་དང་ཁུངས་ལུང་མེད་པའི་ཐོག་མ་ཉེས་ཁ་ཡོག་བྱས་པ་དེ་མཚམས་བཞག་ནས་མགྱོགས་མྱུར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་ཀློད་གྲོལ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲིན་ཏུའུ་ཡི་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ། རྒྱ་གཞུང་གི་ཉེན་རྟོག་པས་རིན་པོ་ཆེ་མཆོག་གློ་བུར་དུ་ཉག་ཆུ་རྫོང་ཁོངས་ནས་འཛིན་བཟུང་བྱས་ཏེ། དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་བ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་སི་ཁྲོན་ཁྲིན་ཏུའུ་རུ་རིན་པོ་ཆེ་མཆོག་གི་སྐུ་མཆེད་ནང་མི་གསུམ་གྱིས་ཁོང་ལ་ཐུག་འཕྲད་ཞུ་སྐབས། རིན་པོ་ཆེ་མཆོག་ལ་སྙིང་གི་སྙུན་གཞི་ཕོག་ཡོད་པ་དང་སྐུ་གཟུགས་འདར་སིག་རྒྱག་གི་ཡོད་པ་མ་ཟད། མཚམས་རེར་དྲན་མེད་དུ་རྒྱལ་འགྲོ་བ་སོགས་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་པ་ཤེས་རྟོགས་བྱུང་། རིན་པོ་ཆེ་མཆོག་ནས་ཀྱང་ཁོང་གི་གནས་ཚུལ་ཞུ་གཏུག་བྱེད་དགོས་པའི་ལམ་སྟོན་གནང་བ་ལྟར། རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པས་གཙོས་ཚོགས་སྡེ་ཁག་དང་མི་སྒེར་སོགས་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྲིད་གཞུང་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བཅས་ལ། རིན་པོ་ཆེ་མཆོག་གང་མགྱོགས་སྨན་བཅོས་ཆེད་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་མང་པོ་བྱས་ཡོད་པ་དང་། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་ཀྱང་རྒྱ་གཞུང་ལ་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ་མང་པོ་བྱས་ཡོད། འོན་ཀྱང་རྒྱ་གཞུང་གིས་ཉན་འཇོག་མ་བྱས་པར་མུ་མཐུད་བཙོན་འཇུག་བྱས་ཏེ་མཐར་ཕྱི་ལོ་༢༠༡༥ ལོར་སྐུ་འདས་གྲོངས་སུ་གྱུར་ཡོད།

བོད་ཀྱི་འཁོར་ཡུག་སྲུང་སྐྱོབ་པ་དང་རིག་དངོས་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལ་ཤིན་ཅང་གི་ཁྲིམས་ཁང་ཞིག་གིས་བང་གསོ་སྔོག་འདོན་བྱས་པའི་ནག་ཉེས་བཙུགས་ནས་ལོ་བཅོ་ལྔའི་རིང་ལ་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་དང༌། ཀརྨ་བསམ་གྲུབ་ཀྱིས་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་ཀྱང་ཁྲིམས་ཁང་གིས་ཞུ་གཏུག་དེ་རྩིས་མེད་བཏང་མོད། འོན་ཀྱང་ཁྲིམས་ཁང་གིས་ཀརྨ་བསམ་གྲུབ་ཀྱི་ཞུ་གཏུག་རྩིས་མེད་གཏོང་དགོས་དོན་ཅི་ཡིན་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།

ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་གནའ་རྫས་རྐུ་འཁྱེར་བྱས་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་ཉེས་ཆད་བཏང་ཡོད་ཀྱང་ཁོང་གི་ཁྲིམས་རྩོད་པས་ཀརྨ་བསམ་གྲུབ་ལགས་ལ་ནག་ཉེས་གང་ཡང་མེད་པ་བཤད་ཡོད།

ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ཟླ་འགའི་རྗེས་སུ། རྒྱ་ནག་གཞུང་གིས་ཆབ་སྲིད་གནད་དོན་གྱི་དོགས་གཞིའི་འོག་ལྷ་ས་ཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ལགས་འཛིན་བཟུང་བྱས་ཏེ་ཟླ་བརྒྱད་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱི་ལོ་༢༠༠༨ ཟླ་ ༦ པའི་ཚེས་ ༢༤ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ་ཕྱི་ཚེས་ ༢༦ ཉིན་རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་མ་ཟད། ཁོའི་སྒེར་གྱི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་ ༤༣ རྒྱ་གཞུང་གིས་གཞུང་ལེན་བྱས་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་རིང་ལའང་ལོ་དྲུག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།

གོང་གི་གནས་ཚུལ་དེ་དག་གིས་རྒྱ་ནག་གཞུང་གིས་བོད་པ་ཚོར་དྲང་བདེན་གྱི་ལམ་ནས་ཁྲིམས་ཐག་གཅོད་ཀྱི་མེད་པ་གསལ་བོར་བསྟན་ཡོད་པ་བཅས།།

Share with your friends










Submit