ཟླ་བ་ ༡ ཚེས ༤ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༤ རེས་གཟའ་ཕུར་བུ།


༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ནས་བཟུང་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་འོག་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གི་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༤ ཉིན་མཐའ་མའི་ཁྲིམས་བཤེར་ཐག་གཅོད་བྱེད་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་འཚབ་དང་འབྲེལ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་དྲང་བདེན་གྱི་ལམ་ནས་ཐག་གཅོད་ཡོང་དགོས་པའི་རེ་འདུན་གནང་ཡོད།

དེ་ཡང་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དང་བླངས་ཐོག་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ལྟར་གྲངས་ཉུང་མི་རིགས་དང་བོད་པ་ཚོར་སྐད་གཉིས་བེད་སྤྱོད་གཏོང་ཆོག་པའི་ཆ་རྐྱེན་འོག་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་ཆོག་པའི་ལས་འགུལ་བརྩམས་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་དྲང་བདེན་གྱིས་ཁྲིམས་ཐག་གཅོད་མིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་རྩ་ཁྲིམས་ནང་གསལ་གྱི་དོན་ཚན་ཁག་ལ་བརྩི་སྲུང་ཞུས་མིན་ལ་རག་ལུས་པ་ཞིག་རེད། ནེའུ་ཡོག་དུས་བབ་ཚགས་པར་གྱི་བརྙན་ཐུང་ཞིག་གི་ནང་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྦྱོང་ཆོག་པའི་ཐོབ་ཐང་རྩོད་ཀྱི་ཡོད་པ་དེ་རྒྱ་ནག་གཞུང་གིས་མཐོང་རྗེས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་འཛིན་བཟུང་བཀག་ཉར་བྱས་ཡོད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་ངན་སྐུལ་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་གཅོད་ཚེ་ལོ་ ༡༥ རིང་ཁྲིམས་ཆད་ཕོག་ངེས་ཡིན་པ་རེད།

གནས་ཚུལ་བརྒྱུད་ལམ་ཁག་ནས་ཐོན་གསལ་ལ་པེ་ཅིན་དུ་ཡོད་པའི་ཕྱི་རྒྱལ་དོན་གཅོད་ཁག་གི་སྐུ་ཚབ་རྣམས་ཡུལ་ཤུལ་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཤེར་གྱི་ཆེད་ཕེབས་ཀྱི་ཡོད། བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་དབུས་གཞུང་ལ་བོད་མིར་བོད་སྐད་བོད་ཡིག་སྦྱོང་བའི་ཐོབ་ཐང་དགོས་པ་དང་། ཁོང་གིས་བོད་ཀྱི་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་སློབ་འཁྲིད་བྱེད་དགོས་པའི་སྙན་ཞུ་ཕུལ་བ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པའི་སྐོར་སྙན་ཞུ་ཡང་ཕུལ་ཡོད་ཀྱང་རང་བཙན་གཙང་མའི་སྐོར་ཚིག་གཅིག་ཀྱང་བྲིས་མེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་བོད་པ་ཚོར་ཆོས་དང་རིག་གཞུང་གི་ཐོབ་ཐང་ཡོད་ཀྱང་བོད་ཀྱི་སྐད་ཡིག་གཞུང་གི་ལས་ཁུངས་ཁག་གི་ནང་བེད་སྤྱོད་གཏོང་གི་མེད་པ་རེད་ཅེས་བརྗོད་འདུག

རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ལོར་བཙོན་བཅུག་བྱས་པ་ནས་བཟུང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ Human Rights Watch དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ Amnesty International པན་ཨ་མི་རི་ཀ PEN America རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་ International Campaign for Tibet བཅས་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་ཡོག་བྱས་པ་དེ་མཚམས་བཞག་ནས་མགྱོགས་མྱུར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་་ཀློད་གྲོལ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་འདུག །

Share with your friends










Submit