ཟླ་བ་ ༡ ཚེས ༣༡ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༡ ཚེས་  ༣༡ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣༡ ནས་ཟླ་ ༢ ཚེས་ ༡  བར་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་ས་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་ཊི་སྦི་ལས་གཞི་བསྐྱར་ཞིབ་ཚོགས་འདུ་ཞིག་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་ཡེ་ཤེས་དབང་མོ་ལགས་དང་།  བདེ་ལེགས་སྨན་ཁང་གི་འཛིན་སྐྱོང་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས།  བདེ་ལེགས་སྨན་ཁང་གི་ཊི་སྦི་མཁས་ལས་པ་སྨན་པ་དཀོན་མཆོག་བཙོན་འགྲུས་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་ཚན་པའི་འགན་འཛིན་བྱམས་པ་ཕུན་ཚོགས་ལགས། སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས།   འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཆེ་ཁག་གི་འགན་འཛིན་དང་སྨན་ཞབས་པ་སོགས་ཚོགས་བཅར་བ་ ༣༠ ཚང་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་འཕར་ཡེ་ཤེས་དབང་མོ་ལགས་ཀྱིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་ལས་འཆར་ཚན་པའི་འགན་འཛིན་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཊི་སྦི་ལས་གཞི་བསྐྱར་ཞིབ་ཚོགས་འདུ་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།

དེ་ནས་སྐུ་མགྲོན་གཙོ་བོ་དྲུང་འཕར་ཡེ་ཤེས་དབང་མོ་ལགས་ཀྱིས་གསུང་བཤད་གནང་དོན་། ད་བར་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ནས་ཊི་སྦི་ནད་གཞི་ཐོག་ལས་རིམ་རབ་དང་རིམ་པ་གནང་ཡོད། ཊི་སྦི་ལས་གཞིའི་ཐོག་ལས་གཞི་འདྲ་མིན་གནང་དང་གནང་བཞིན་པ་རེད། ད་རེས་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་རྒྱལ་ཡོངས་ནས་ཕྱི་ལོ་ ༢༠༢༥ ནང་ཚུད་ཊི་སྦི་ནས་གཞི་དེ་མེད་པ་བཟོ་སླད་ལས་གཞི་འགོ་འཛུགས་གནང་ཡོད། རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་ཊི་སྦི་ནད་གཞི་གྲངས་ཚད་བསྡུར་ཚེ་རྒྱ་གར་སྤྱི་ཚོགས་ནང་ཊི་སྦི་ནད་གཞི་མང་བ་ཡོད། འོན་ཀྱང་མི་འབོར་གྲངས་ཐོག་ནས་བསྡུར་ཡོང་དུས་བོད་པའི་སྤྱི་ཚོགས་ནང་ཊི་སྦི་ནད་པ་མང་པོ་ཡོད། དེར་བརྟེན་ང་ཚོས་ལོ་གསུམ་གྱི་ནང་ཚུད་ནད་གཞི་དེ་འགོག་ཐབས་དང་མེད་པར་བཟོ་སླད་འཆར་གཞི་གོ་བསྡུར་བྱ་རྒྱུ་ཡིན། ད་བར་ལས་གཞི་འདིའི་ཐོག་འཛིན་སྐྱོང་ནས་མཐུན་འགྱུར་རོགས་རམ་གནང་ཡོད།  མ་འོངས་པར་ལས་གཞི་འདིའི་ཐོག་མུ་མཐུད་ནས་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས།།

Share with your friends










Submit