ཟླ་བ་ ༡ ཚེས ༡༨ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༡༨ རེས་གཟའ་ཕུར་བུ།

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ རེས་གཟའ་ཕུར་བུའི་ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་བ་མ་ཟད།  རྒྱ་གར་གཞུང་གི་མི་ཆའི་ནུས་པ་ཡར་རྒྱས་ལྷན་ཁང་ Human Resource Development Ministry དུ་ཕེབས་ནས་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་གནང་འདུག

ཕྱོགས་མཚུངས་ངོ་དེབ་ཐོག་རྒྱ་གར་དཔལ་འབྱོར་རིག་པའི་གསར་ཤོག་མིནཊ་ Mint ཞེས་པའི་གསར་འགོད་པ་ལྕམ་ཨེ་ལེ་ཛེ་བྷེཐ་རོ་ཆི་ Elizabeth Roche ལགས་ཀྱི་དྲི་བར་ལན་འདེབས་གནང་བ་ཐད་གཏོང་གནང་འདུག

གསར་འགོད་པས། ལོ་གསར་པ་འདིའི་ནང་བོད་རྒྱ་འབྲེལ་མོལ་ཐོག་འགྱུར་བ་གསར་པ་གང་ཡོད་དམ།

སྲིད་སྐྱོང་མཆོག་གིས།  ལོ་གསར་པ་ཤར་ཟིན་ཡང་བོད་རྒྱ་འབྲེལ་མོལ་ཐོག་ད་ལྟའི་ཆར་གནས་ཚུལ་གསར་པ་གང་ཡང་ཞུ་རྒྱུ་མེད། ད་ལྟའི་ཆར་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འབྲེལ་མོལ་གསར་པ་གང་ཡང་བྱུང་མེད།

གསར་འགོད་པས། སྔ་ལོར་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་པེ་ཅིང་ལ་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་མཇལ་འཕྲད་སླད་ཕེབས་སྐོར་སྐད་ཆ་ཞིག་གོ་བྱུང་། དེའི་ཐོག་ལ་གསལ་བཤད་གནང་རོགས།  སྐབས་དེར་འབྲེལ་མོལ་བྱུང་ཡོད་མེད་གསུང་རོགས།

སྲིད་སྐྱོང་མཆོག  ངས་གོང་དུ་བརྗོད་པ་ལྟར་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་གསར་པ་གང་ཡང་བྱུང་མེད། གནས་སྟངས་འདི་མུ་མཐུད་གནས་ཡོད། སྤྱིར་ངས་ད་ལྟ་ཟམ་གདོང་རིན་པོ་ཆེ་མཆོག་མཇལ་མེད་སྟབས་དེའི་སྐོར་ཁྱེད་རང་ནས་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་ན་ལེགས་སྙམ།

གསར་འགོད་པས། ཁྱེད་རང་ཡང་རྒྱ་ནག་ཏུ་འགྲོ་རྒྱུའི་འཆར་གཞི་མེད་དམ།

སྲིད་སྐྱོང་མཆོག  ང་རང་རྒྱ་ནག་ཏུ་འགྲོ་རྒྱུའི་འཆར་གཞི་མེད། ཁོ་པ་ཚོས་ང་རྒྱ་ནག་ཏུ་ཡོང་བཅུག་ཨ་ཡོང་བསམ་པའི་དོགས་པ་ཡོད། གང་ཡིན་བརྗོད་ན་ང་ལ་གོ་གནས་ཤིག་ཡོད།  དེར་བརྟེན་ཧ་ཅང་ཁག་པོ་རེད།

གསར་འགོད་པས། སྤྱིར་སྟངས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་རྒྱ་ནག་གཞུང་དབར་གྲོས་མོལ་གྱི་ནང་དོན་གང་བྱུང་མིན་ཁྱེད་རང་གིས་མ་ཤེས་ཀྱང་གྲོས་མོལ་ཞིག་བྱུང་ཡོད་པ་དེ་བདེན་པ་མ་རེད་དམ།

སྲིད་སྐྱོང་མཆོག  དེའི་སྐོར་ངས་དངོས་གནས་ཤེས་མ་སོང་།  འོན་ཀྱང་རིན་པོ་ཆེ་མཆོག་གིས་ཉེ་ལམ་གསུངས་པ་ལྟར་ན། ཁོང་རྒྱ་ནག་ཏུ་ཕེབས་པའི་སྐོར་གྱི་གནས་ཚུལ་རྣམས་འཁྱོག་བཤད་རེད། ཅེས་གསལ་བཤད་གནང་འདུག  དེར་བརྟེན་ཁོང་རྒྱ་ནག་ཏུ་ཕེབས་མིན་དང་། རྒྱ་ནག་གཞུང་དང་ལྷན་འབྲེལ་མོལ་གནང་ཡོད་མེད་སྐོར་ངས་དངོས་འབྲེལ་ཤེས་མ་སོང་།

གསར་འགོད་པས། 

   རྒྱ་ནག་དམར་ཤོག་ཚོགས་པའི་(ཏང་།)ཚོགས་ཆེན་ཐེངས་ ༡༩ སྔ་ལོའི་ཕྱི་ཟླ་ ༡༠ ནང་ཚོགས་པ་རེད།  ཚོགས་ཆེན་ཟིན་མཚམས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་འབྲེལ་མོལ་གནང་རྒྱུ་ཡིན་པའི་བརྡ་ལན་དེ་འདྲ་གང་བྱུང་ཡོད་དམ།

སྲིད་སྐྱོང་མཆོག  ང་ཚོར་ད་བར་རྒྱ་ནག་གཞུང་གི་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་འབྱོར་མ་བྱུང་།རྒྱ་ནག་དམར་ཤོག་ཚོགས་པའི་(ཏང་།)ཚོགས་ཆེན་ཐེངས་ ༡༩ ཟླ་ཤས་སྔོན་ཚོགས་ཟིན་ཡོད། འོན་ཀྱང་འབྲེལ་མོལ་ཐོག་ལ་མཚོན་ན་བརྡ་ལན་གང་ཡང་འབྱོར་མ་བྱུང་། འོན་ཀྱང་ང་ཚོས་ད་དུང་བཟང་ཕྱོགས་ཀྱི་རེ་བ་རྒྱག་བཞིན་ཡོད། སྲིད་འཛིན་ཞི་ཅིན་ཕིང་དང་ཁོང་གི་ཕྱག་སྦྲེལ་རྣམས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ནང་ལས་འགན་དངོས་སུ་འགོ་འཛུགས་བྱ་རྒྱུ་རེད།  ཁོང་གི་སྲིད་འཛིན་ལས་ཡུན་གཉིས་པའི་སྐབས་དེར་མ་འོངས་བྱས་རྗེས་འཇོག་རྒྱུའི་ལས་གཞིའི་ཐོག་ཤུགས་རྒྱག་གི་རེད་བསམ་བཞིན་འདུག དེར་བརྟེན་བོད་ཀྱི་གནད་དོན་གསལ་རྒྱུ་འདི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད།  གང་ཡིན་བརྗོད་ན་ཕྱོགས་གཅིག་ནས་བོད་ཀྱི་འཐབ་རྩོད་ནི་འཚེ་མེད་ཞི་བ་དང་། གཉིས་ནས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུ་འཛམ་གླིང་ཀུན་གྱིས་ཡིད་ཆེས་ཞུ་ཡུལ་གྱི་དབུ་ཁྲིད་མཛད་བཞིན་ཡོད།

ལྷག་པར་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དོན་དམ་གྱི་རང་སྐྱོང་གནས་བབ་ཐོབ་ཐབས་བྱེད་བཞིན་ཡོད། དེར་བརྟེན་བོད་མིའི་འཐབ་རྩོད་ནི་ཕྱོགས་གཉིས་ཀར་རྒྱལ་ཁ་ཐོབ་ཐུབ་པའི་ལངས་ཕྱོགས་ཤིག་ཆགས་ཡོད།  ཕྱི་ཟླ་ ༣ རྗེས་སུ་རྒྱ་ནག་སྲིད་འཛིན་རྣམས་བསམ་བློ་འཁོར་ནས་བོད་ནང་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་ཕན་ཐོགས་མེད་པ། དེ་ལས་ཕྲན་བུ་གུ་ཡངས་ཀྱི་སྲིད་བྱུས་གཟུང་བ་ཡིན་ན་དོན་དང་ལྡན་པ་ཞིག་ཡིན་པ་གསལ་རྟོགས་ཐུབ་རྒྱུའི་རེ་བ་ཡོད།

གསར་འགོད་པས། རྒྱ་ནག་དམར་ཤོག་ཚོགས་པའི་(ཏང་།)ཚོགས་ཆེན་ཐེངས་ ༡༩ གྲོལ་རྗེས་རྒྱ་མིའི་ལས་བྱེད་རྒན་གྲས་ཤིག་གིས་ ༼ ཕྱི་ལོ་ ༡༩༥༩ ལོར་ཏཱ་ལའི་བླ་མ་བྲོས་བྱོལ་དུ་ཕེབས་པ་ནས་བཟུང་བཙན་བྱོལ་བོད་གཞུང་ཟེར་བའི་སྒྲིག་འཛུགས་ཤིག་བཙུགས་ནས་དམིགས་ཡུལ་གཙོ་བོ་རང་བཙན་རྩོད་རྒྱུ་དེ་རེད།  ཁོ་པས་དེ་ལྟར་བྱས་ནས་བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད།  ལོ་ངོ་བཅུ་ཕྲག་རིང་ནས་ཏཱ་ལའི་ཁ་བྲལ་བ་ཚོས་ལས་འགུལ་དེ་རིགས་མཚམས་འཇོགས་མ་བྱས་པར་མུ་མཐུད་སྤེལ་བཞིན་ཡོད།༽ ཅེས་བཤད་འདུག སྲིད་སྐྱོང་ཁྱེེད་ལྟར་ན་བསམ་ཚུལ་འདི་ཧ་ཅང་མཁྲེགས་འཛིན་གྱི་བསམ་བློ་ཞིག་མ་རེད་དམ།

སྲིད་སྐྱོང་མཆོག ལངས་ཕྱོགས་འདི་མཁྲེགས་འཛིན་གྱི་ལངས་ཕྱོགས་ཙམ་མ་ཟད། ལངས་ཕྱོགས་ནོར་བ་ཞིག་ཀྱང་རེད།

གསར་འགོད་པས། སྲིད་འཛིན་ཞིས་ཕྱི་ཟླ་ ༣ ནང་སྲིད་འཛིན་གྱི་ལས་ཡུན་གཉིས་པ་དངོས་སུ་འགོ་འཛུགས་རྗེས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུ་ཡིན་པ་ཁྱེད་རང་གིས་རེ་བ་འཆང་བཞིན་ཡོད་དམ། གལ་ཏེ་ཡོད་ན་དེར་རྒྱུ་མཚན་གང་ཡོད།

སྲིད་སྐྱོང་མཆོག ད་ལྟའི་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་འདི་ནོར་བ་རེད། འཛམ་གླིང་ཡོངས་ཀྱིས་ཤེས་གསལ་རེད། ཨ་རིའི་གཞུང་ལ་མཚོན་ནའང་དབུ་མའི་ལམ་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་སླར་གསོ་ཡོང་ཆེད་རྒྱབ་སྐྱོར་གནང་མུས་ཡིན། རྒྱ་མིའི་དཔོན་པོས་གང་བཤད་པ་དེ་དག་དངོས་བདེན་མ་རེད། དངོས་ཡོད་གནས་སྟངས་ཇི་ཡིན་འཛམ་གླིང་ཚང་མས་མཁྱེན་གསལ་རེད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བསྡད་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་ཡོད། ད་གཟོད་རྒྱ་ནག་འགོ་ཁྲིད་ཚོས་མཁྲེགས་འཛིན་གྱི་སྲིད་བྱུས་དེ་ལམ་ལྷོངས་མི་ཡོང་བ་ཤེས་རྟོགས་ཐུབ་དགོས་ཚོད་རེད། བོད་མིའི་ལངས་ཕྱོགས་དེ་གཉིས་ཕན་གྱི་ལངས་ཕྱོགས་ཤིག་ཡིན་པ་ཤེས་དགོས་ཚོད་རེད།

གསར་འགོད་པས། གོང་གི་རྒྱ་མིའི་དཔོན་པོ་དེས་མུ་མཐུད་འདི་འདྲ་ཅིག་བཤད་འདུག ༼ རྒྱལ་ཁབ་དང་ཚོགས་པ་སུ་འདྲ་ཞིག་ཡིན་རུང་༸གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུས་པ་ཡིན་ན་རྒྱ་མི་རིགས་ཀྱི་སེམས་ཚོར་ལ་ཧ་ཅང་དོ་ཕོག་འགྲོ་ངེས་ཡིན།  དེར་བརྟེན་བྱེད་བབ་དེ་རིགས་ནི་རྒྱ་ནག་མི་དམངས་ཀྱི་སེམས་ཚོར་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན།༽  ཞེས་བཤད་འདུག  བརྗོད་བབ་འདིས་གདན་འདྲེན་ཞུ་མཁན་རྒྱལ་ཁབ་སུ་ལའང་གནོན་ཤུགས་སྤྲད་པ་ཞིག་དང་། བོད་དོན་ལས་འགུལ་སྤེལ་རྒྱུའི་ཁོར་ཡུག་ཆུང་དུ་བཏང་བ་ཞིག་མིན་ནམ།

སྲིད་སྐྱོང་མཆོག རྒྱ་ནག་འགོ་ཁྲིད་ཚོས་ ༼ཁྱེད་ཚོས་རྒྱ་ནག་མི་དམངས་ཀྱི་སེམས་ཚོར་ལ་གནོད་པའི་ལས་ཀ་བྱེད་ཀྱི་འདུག ༽ ཅེས་སྐད་ཆ་དེ་རིགས་ཡང་ཡང་བསྐྱར་ལྡབ་ཡང་ལྡབ་བྱ་རྒྱུར་དགའ་པོ་ཡོད། ང་ཚོས་རྒྱ་མི་རིགས་ཀྱི་སེམས་ཚོར་ལ་ངེས་པར་དུ་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་བོད་མིའི་སེམས་ཚོར་ལ་གང་འདྲ་བྱ་རྒྱུ་ཡིན་ནམ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དང་ཁོང་གདན་ཞུ་གནང་རྒྱུ་དེ་དག་འགྲིག་པ་རེད། གང་ཡིན་བརྗོད་ན་ཁོང་གིས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་གོང་མཐོར་གཏོང་གནང་མཛད་བཞིན་ཡོད།  དེར་བརྟེན་ཁོང་དང་མཇལ་འཕྲད་ཞུ་རྒྱུ་ནི་ཕན་པ་ལས་གནོད་པ་ཞིག་རྩ་བ་ནས་མེད། རྒྱ་ནག་གཞུང་གིས་ ༼ཁྱེད་ཚོས་རྒྱ་ནག་མི་དམངས་ཀྱི་སེམས་ཚོར་ལ་གནོད་པའི་ལས་ཀ་བྱེད་ཀྱི་འདུག༽ ཅེས་སྐད་ཅོར་རྒྱག་རྒྱུ་མང་དྲགས་ནས་དེར་སྣང་བ་དེ་ཙམ་གཏོང་མཁན་མེད། དེར་བརྟེན་ང་ཚོས་ ༼བོད་མིའི་སེམས་ཚོར་ལ་བརྩི་བཀུར་ཞུ་རོགས།༽ ཞེས་འབོད་སྐུལ་ཞུ་བཞིན་ཡོད།

གསར་འགོད་པས།  ད་ཆ་ཌོ་ནལ་ཊམ་སྲིད་འཛིན་དུ་བདམས་ནས་ལོ་གཅིག་ཧྲིལ་པོ་འཁོར་བཞིན་ཡོད།  ཁོང་ཐོག་མར་སྲིད་འཛིན་དུ་བསྐོ་གཞག་བྱུང་མཚམས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་པོ་འཛིན་རྒྱུའི་བརྡ་ལན་ཞིག་བཏང་ཡོད། ལངས་ཕྱོགས་འགའ་ཤས་ཐོག་མུ་མཐུད་མཁྲེགས་འཛིན་བྱེད་བཞིན་ཡོད། ཌོ་ནལ་ཊམ་གྱི་ལོ་གཅིག་གི་སྲིད་འཛིན་ལས་ཡུན་རིང་བོད་མིའི་འཐབ་རྩོད་ཐོག་ཉམས་མྱོང་ཇི་འདྲ་བྱུང་།

སྲིད་སྐྱོང་མཆོག  སྲིད་འཛིན་ཌོ་ནལ་ཊམ་མཆོག་སྐུ་སྒེར་གྱིས་ད་བར་བོད་དོན་ཐོག་གང་ཡང་གསུང་མེད། འོན་ཀྱང་ཕྱི་སྲིད་དྲུང་ཆེ་རེག་སི་ཊི་ལར་སོན་ Rex Tillerson མཆོག་གིས་བོད་དོན་གླེང་སློང་གནང་ཡོད། དེ་བཞིན་ཁོང་རྒྱ་ནག་ཏུ་འཚམས་གཟིགས་སྐབས་སུའང་བོད་དོན་སྐོར་གླེང་སློང་གནང་ཡོད་པའི་རེ་བ་ཞུ་བཞིན་ཡོད། ཕྱོགས་མཚུངས་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཁང་ནས་ཀྱང་བོད་དོན་གླེང་ཡོད། ལྷག་པར་ཕྱི་སྲིད་དྲུང་ཆེ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་གསུངས།  དེར་བརྟེན་ཕྱོགས་ཡོངས་ནས་བལྟ་སྐབས་ཨ་རིའི་གཞུང་གིས་དེ་སྔའི་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་བཞེངས་ཕྱོགས་དེ་རྒྱུན་འཛིན་གནང་རྒྱུའི་རེ་བ་འདུག

གསར་འགོད་པས། དེ་རིང་སྔ་དྲོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཞིག་སྤེལ་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐོར་གསུང་རོགས།

སྲིད་སྐྱོང་མཆོག འདིར་ཆོས་ཀྱི་འཁོར་ལོ་ཞིག་ཡོད་པ་ནི་ང་ཚོས་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བ་དེར་ངོས་འཛིན་ཞུ་ཆེད་ང་ཚོས་ཐེངས་འདིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འཆར་ཡོད། ལས་འགུལ་དངོས་གཞི་ཕྱི་ལོ་ ༢༠༡༨ ཟླ་ ༣ ནང་འགོ་འཛུགས་བྱ་རྒྱུ་ཡིན། དེར་བརྟེན་ངས་རྒྱ་གར་ཆོས་གྲོགས་ཕོ་མོ་ཡོངས་ནས་ང་ཚོའི་ལས་འགུལ་ནང་ངེས་པར་དུ་མཉམ་ཞུགས་གནང་རོགས་ཞེས་ཞུ་རྒྱུ་དང་། ལྷག་པར་ལྡི་ལི་ཐྱཱག་རཱཇ་རྩེད་ཐང་ Thyagaraj Stadium ཆེན་མོར་ཕྱི་ཟླ་ ༤ ཚེས་ ༡ ཉིན་ལས་འགུལ་སྤེལ་རྒྱུ་མ་ཟད། རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ India International Centre ནང་ལས་འགུལ་སྤེལ་རྒྱུ་དང་།  ཕྱོགས་མཚུངས་རྒྱ་གར་གྱི་ས་གནས་འདྲ་མིན་སིམ་ལ་དང་བྷེང་ལོར་སོགས་ཀྱི་ནང་དུའང་ལས་འགུལ་སྤེལ་རྒྱུ་རེད།།

 

Share with your friends










Submit