ཟླ་བ་ ༡ ཚེས ༡༠ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ རེས་གཟའ་ལྷག་པ།


༄༅། ། ཕྱི་ལོ་༢༠༡༨ ཟླ་༡ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ། ལྕགས་ཡོས་བོད་རྒྱའི་གྲོས་མཐུན། གློ་རྒྱལ་ཕྲན། ཞེས་པའི་དཔེ་དེབ་གསུམ་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། ཕྱི་དྲིལ་དྲུང་འཕར་འཆི་མེད་ཚེ་དབྱངས་ལགས། དཔེ་མཛོད་དྲུང་ཆེ། དེ་དོན་གཉེར་ཅན་དང་གསར་འགོད་པ་བཅས་ཕྱིན་མི་གྲངས་ ༢༠ ལྷག་ཙམ་ལྷན་འཛོམས་ཀྱི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཕེབས་བསུ་དང་འབྲེལ་དཔེ་དེབ་དབུ་འབྱེད་སྐོར་་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ལོ་རྒྱུས་ཉམས་ཞིབ་དེབ་ཕྲེང་ཁག་གསུམ་དབུ་འབྱེད་དང་ལྷན་གསུང་བཤད་གནང་དོན། བྱམས་པ་བསྟན་འཛིན་ལགས་ཀྱིས་ལྕགས་ཡོས་བོད་རྒྱའི་གྲོས་མཐུན། ཕྱི་ལོ་ ༡༩༥༡ ལོའི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་དཔྱད་པ། ཞེས་པ་བརྩམས་གནང་འདུག ཆིངས་ཡིག་དོན་ཚན་བཅུ་བདུན་མཚན་རྟགས་མ་བཀོད་པའི་སྔོན་གྱི་ལོ་རྒྱུས་དང་རྒྱབ་ལྗོངས་བཅས་ཞིབ་ཕྲ་བཀོད་གནང་ཡོད་འདུག པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་ཅེས་པ་ནི་ཨི་ཛ་བྷེལ་ཧིལ་ཌོན་ལགས་ཀྱིས་བརྩམས་གནང་བ་རེད། ཨིན་སྐད་ཐོག་ The search for the Panchen Lama ཟེར། གོང་དུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་པ་བཞིན། པཎ་ཆེན་རིན་པོ་ཆེ་སྐུ་ཐོག་གོང་མ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཞིབ་ཕྲ་ཉམས་ཞིབ་གནང་འདུག་པ་མ་ཟད། ཉམས་ཞིབ་སླད་རྡ་སར་ཐེངས་འགའ་ཤས་ཕེབས་པ་དང་སྦེལ་ཀོབ་བཀྲ་ཤིས་ལྷུན་པོའི་མཁན་པོ་དང་དགེ་འདུན་པར་བཅས་འདྲི་ཞུས་འདུག དེ་བཞིན་བོད་དང་རྒྱ་ནག་ཏུའང་ཉམས་ཞིབ་ཆེད་ཕེབས་འདུག
ཨི་ཛ་བྷེལ་ཧིལ་ཌོན་ལགས་ནི་ཨིན་ཡུལ་ནང་ཆོས་ཀྱི་སྐོར་ཚགས་པར་བཀོད་མཁན་དང་མཁས་པ་རེད་ཅེས་བརྗོད་སྲོལ་འདུག གང་ལྟར་དེབ་དང་རྩོམ་ཐུང་སོགས་གང་བྲིས་པ་ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་སྐོར་བཤད་པ་རེད། བོད་ཀྱི་སྐོར་དེ་བོད་པས་བདག་པོ་རྒྱག་དགོས་ཞེས་ངས་དུས་རྟག་ཏུ་བཤད་ཀྱི་ཡོད། ཧ་ཝཌ་ནས་ཡིན་པའི་ Joseph Nye ལགས་ཀྱིས་རྒྱལ་སྤྱིའི་ནང་གི་གནད་དོན་མང་པོ་ཞིག་གི་གྲུབ་འབྲས་དེ་དམག་འཁྲུག་སུ་ལ་ཐོབ་མིན་གྱི་སྐད་ཆ་མིན་པར།
རྒྱལ་སྤྱིའི་སྡིངས་ཆ་སྟེང་སྒྲུང་སུས་བཤད་མཁས་ན་དེའི་ཐོག་ནས་ཐག་གཅོད་རྒྱུ་རེད། ཅེས་གསུང་གི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།

སྤྱིར་དཔེ་དེབ་གསུམ་གྱི་ནང་ནས། ལྕགས་ཡོས་བོད་རྒྱའི་གྲོས་མཐུན་ཞེས་པ་ནི། བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་བྱམས་པ་བསྟན་འཛིན་ལགས་ཀྱིས་བརྩམས་ཞིང་། དཔེ་དེབ་དེའི་ནང་ལྕགས་ཡོས་ཕྱི་ལོ་ ༡༩༥༡ ལོར་བོད་རྒྱའི་སྐུ་ཚབ་བར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་སྐབས་དེའི་ལོ་རྒྱུས་ཀྱི་བྱུང་བ་གལ་ཆེན་ཇི་སྙེད་ཅིག་ལ་གསལ་ཁ་བཏོན་ཡོད་པ་སོགས་འཁོད་པའི་དཔེ་དེབ་ཅིག་ཡིན་པ་དང་། དེ་བཞིན་པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་ཅེས་པའི་དཔེ་དེབ་ནི། ཨི་ཛ་བྷེལ་ཧིལ་ཊོན་གྱིས་བརྩམས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་བྱམས་པ་བསྟན་འཛིན་ལགས་ཀྱིས་བོད་སྒྱུར་བྱས་པ་ཞིག་ཡིན་འདུག  དཔེ་དེབ་དེ་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་སྐོར་ཉམས་ཞིབ་བྱས་པ་ཞིག་ཡིན་འདུག ཕྱོགས་མཚུངས་གློ་རྒྱལ་ཕྲན་ཞེས་པའི་དཔེ་དེབ་དེ་ནི་རྒྱ་གར་གྱི་མཁས་པ་ར་མེཤ་ཀུ་མར་ཌྷུང་གེལ་གྱིས་བརྩམས་ཏེ། ཝ་ར་ཎ་སིར་སློབ་གཉེར་གནང་བཞིན་པ་ངག་དབང་ལྷུན་གྲུབ་ལགས་ཀྱིས་བོད་སྒྱུར་བྱས་པ་ཞིག་ཡིན་འདུག་པ་བཅས།།

 

Share with your friends










Submit