Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ།

༄༅། །བཙན་བྱོལ་བོད་མི་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོས་ཀྱི་གྲངས་འབོར་ལོ་རེ་བཞིན་ལྡབ་འཕར་བྱུང་བ་དང་འབྲེལ། ཕྱི་སྡོད་བོད་མིའི་བུ་ཕྲུག་ལ་མི་རིགས་ཀྱི་གཅེས་ནོར་སྐད་ཡིག་དང་རིག་གཞུང་བརྒྱུད་སྤྲོད་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་གཤིས། ད་བར་ས་གནས་མང་པོ་ཞིག་ཏུ་བོད་མི་ཚོགས་སྒེར་ཅི་རིགས་ནས་རིགས་ཞེན་ལྷག་བསམ་གྱིས་དང་དུ་བླངས་ནས་སློབ་གྲྭ་དང་འཛིན་གྲྭ་ཟུར་འཛུགས་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྩམས་དང་རྩོམ་བཞིན་ཡོད་པར་བསྔགས་བརྗོད་ཡི་རང་དང་ཆབས་ཅིག འདི་ག་ཤེས་རིག་ལས་ཁུངས་ནས་གོང་གསལ་གནས་སྟངས་ལ་ཆེད་དུ་དམིགས་ཏེ་ནུབ་ཕྱོགས་བོད་མིའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་འཚམས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་ཀྱི་བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི་ཞིག་བཟོ་འགོད་བྱ་རྒྱུ་དང་། བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི་དེ་བརྒྱུད་ནས་ས་གནས་ཀྱི་གནས་སྟངས་དང་འཚམས་པར་སྤྱི་སྒེར་གཉིས་ཀྱིས་སློབ་དེབ་འདྲ་མིན་བཟོ་སྒྲིག་དང་།

དེ་ལ་བརྟེན་ནས་སློབ་ཁྲིད་དང་རྟོག་ཞིབ་ཀྱི་ལམ་སྲོལ་ཚད་ལྡན་ཡོང་ཐབས་དང་འབྲེལ། མ་འོངས་པར་བོད་ཕྲུག་རྣམས་བོད་ཀྱི་སྐད་ཡིག་དང་ལེགས་བྱང་སོགས་ཀྱི་དྲི་མ་མ་ཡལ་བའི་ཐོག་ནས་བོད་མི་ཚད་ལྡན་ཞིག་གསོ་སྐྱོང་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ལགས་ན། སྤྱི་ཡོངས་ལ་འཚམས་པའི་བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི་ཞིག་བཟོ་འགོད་ཐུབ་པར་ས་གནས་སོ་སོའི་རིག་གཞུང་སློབ་གྲྭའམ་འཛིན་གྲྭ་ཁག་ནང་སློབ་ཁྲིད་གནང་བཞིན་པའི་དགེ་རྒན་དང་། ཕྱོགས་མཐའ་ཁག་ཏུ་བཞུགས་པའི་རང་རེ་ཤེས་ཡོན་ཅན་དང་། ཐུགས་སྣང་ཅན་རྣམ་པས་སྔོན་འགྲོ་ནས་འཛིན་གྲྭ་རིམ་པའི་བསླབ་གཞིའི་ནང་དོན་ཁག་མཁོ་འདོན་ཡོང་བ་དང་། དེ་དང་འབྲེལ་བའི་དཔྱད་གཞི་ངོ་སྤྲོད། ལས་དོན་མཉམ་རོགས་ཀྱི་དགོངས་འཆར་ཇི་ཡོད་ཡིག་ཐོག་ནས་ཕྱི་ལོ་༢༠༡༨ ཟླ་ ༤ ཚེས་ ༡༠ སྔོན་གཤམ་འཁོད་ཁ་བྱང་ཐོག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༥ ཉིན།

བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི་ཡི་ནང་དོན་ནི།

༡། བོད་ཀྱི་སྐད་ཡིག
༢། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད།
༣། བོད་ཀྱི་རོལ་ཆ་དང་ཟློས་གར།
༤། བོད་ཀྱི་ལེགས་བྱང་དང་གོམས་གཤིས།

འབྲེལ་གཏུགས་བྱ་ཡུལ།
Secretary
Department of Education,
Central Tibetan Administration,
Gangchen Kyishong,
Dharamsala – 176215.
District Kangra,
Himachal Pradesh. INDIA
doe.educouncil@tibet.net
bodyiglobdeb@tibet.net


Share with your friends










Submit