ཟླ་བ་ ༡ ཚེས ༡༩ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༩ རེས་གཟའ་པ་སངས།

༄༅། །བོད་ཀྱི་རྩ་དོན་སླད་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་དུས་ཡུན་རིང་པོའི་རིང་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱ་གར་བ་སྐུ་ཞབས་ནནྡ་ཀི་ཤོར་ཏྲི་ཀ་ Dr Nand Kishore Trikha འདས་པོ་དམ་པ་མཆོག་དེ་ཉིད་ཀྱི་སླད། དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ཀུན་གྱིས་མཆོད་འབུལ་སྨོན་ལམ་གསོལ་འདེབས་ཀྱི་མཛད་རིམ་ཞིག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ནས་ ༤།༣༠ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་སིག་ལྷ་ཁང་གུ་རུ་དྷ་ཝར་ Gurudwara Singh Sahib at Greater Kailash ནང་གོ་སྒྲིག་ཞུས་ཡོད་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གདུང་སེམས་མཉམ་སྐྱེ་ཞུ་ཆེད་མཉམ་ཞུགས་གནང་ཡོད།

དེ་ཡང་མཆོད་འབུལ་སྨོན་ལམ་སྐབས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་ནས་དམ་པ་དེ་ཉིད་ཀྱི་ཆེད་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ལྡི་ལི་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད། ལྡི་ལི་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ནས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གསོལ་འདེབས་གནང་ཡོད།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། སྐུ་ཞབས་ནནྡ་ཀི་ཤོར་ཏྲི་ཀ་དམ་པ་མཆོག་གིས་བོད་ཀྱི་རྩ་དོན་སྙིང་ལ་བཅངས་ནས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་མ་ཟད། དམ་པ་དེ་ཉིད་གཤག་བཅོས་བྱས་ནས་བདུན་ཕྲག་ཁ་ཤས་ལས་ཕྱིན་མེད་ནའང་ན་ནིང་ཕྱི་ཟླ་ ༡༠ ནང་བཞུགས་སྒར་རྡ་རམ་སར་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཐོག་ལའང་ཆེད་ཕེབས་གནང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་། །

Share with your friends










Submit