ཟླ་བ་ ༡ ཚེས ༡༡ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༡ རེས་གཟའ་ཕུར་བུ།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་ཤོག་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་རྩོམ་སྒྲིག་པ་དང་། གསར་འགོད་པ། པར་པ་སོགས་ཁྱོན་མི་གྲངས་ ༤༠ དང་མཇལ་འཕྲད་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀའ་ཤག་གི་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག  ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ནས་ཕེབས་པའི་བརྙན་འཕྲིན་དང་རླུང་འཕྲིན།  ཚགས་ཤོག་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་རྩོམ་སྒྲིག་པ་དང་།  གསར་འགོད་པ། པར་པ་སོགས་ཁྱོན་མི་གྲངས་ ༤༠ བཅས་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚོ་དེ་རིང་འདིར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་སུ་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།

ཕྱི་ཚེས་ ༩ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་མཆོག་དང་མཇལ་འཕྲད་བྱུང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་ལས་ལྷག་རྒྱལ་ཁབ་སུ་གང་གིས་གནང་མེད། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་དེ་དམིགས་བསལ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདིར་བཞུགས་ཏེ་མི་ལོ་ ༥༠ ལྷག་ཕྱིན་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད་པ་མ་ཟད། འབྲེལ་ཡོད་ལས་ཁུངས་དང་སློབ་གྲྭ་ཁག་མང་པོ་ཞིག་འདིར་ཡོད་སྟབས། ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་གོང་སྤེལ་དང་། དཔལ་ནཱ་ལེནྡཱ་ནས་བརྒྱུད་པའི་རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོ་སླད་ཐུགས་ཁུར་ཆེ་བཞེས་མཛད་བཞིན་ཡོད་སྐོར།

བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་སྐོར། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། འཕགས་བོད་གཉིས་དང་རྒྱ་དཀར་ནག་གི་འབྲེལ་ལམ་སྐོར། རྒྱ་གར་གཞུང་མང་གཉིས་བོད་མིར་བཀའ་དྲིན་ཆེན་པོ་ཡིན་སྐོར། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་དེ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་འདེབས་ཞིབ་ཕྲ་གནང་ཡོད་པ་བཅས།།

 

Share with your friends










Submit