ཟླ་བ་ ༡ ཚེས ༢༥ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༢༥ རེས་གཟའ་ཕུར་བུ།

༄༅། །ཆོས་རིག་བཀའ་བློན་མཆོག་གིས་སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན། 

ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པ་ཚོགས་སྐབས་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་། སྐུ་ཚབ་བཅས་ལྷན་འཛོམས་ཐོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་བཀའ་བསྡུར་ཐག་ཆོད་བྱུང་སྙིང་། རྙིང་མའི་མ་དགོན་དྲུག་ནས། ཀཿ ཐོག་དང་། རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་རྣམ་པ་གོ་རིམ་བཞིན་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རེ་བཞེས་རྒྱུའི་ཐག་ཆོད་བྱུང་འབྲས།

སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་གང་ཉིད་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་མཚན་བཞེས་གནང་རྒྱུར་ཇི་ལྟར་གསོལ་འདེབས་གནང་བ་ལྟར་ཞལ་བཞེས་སྨིན་སྩོལ་བྱུང་ཡོད་འདུག་པར། འདི་ག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་འགོ་ལས་ཡོངས་ནས་དགའ་གུས་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྐྱབས་རྗེ་གང་ཉིད་སྤྱི་སྒོས་བསྟན་འགྲོའི་མགོན་དུ་སྐུ་ཚེ་༸རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང་། སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་བཞེས་གནང་རིང་མཛད་དོན་ཆེ་ཕྲ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན་ལགས་པ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཆོས་རིག་བཀའ་བློན་མིང་འཛིན་པས། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ ལ་

ཕུལ།།

Share with your friends










Submit