Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༧ རེས་གཟའ་ཉི་མ།

༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༧ རེས་གཟའ་ཉི་མའི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་བའི་གདུལ་བྱ་རྣམས་ཀྱིས་གཙོས་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བར་བདེན་བཞི་དང་སཱ་ལུ་ལྗང་པའི་མདོའི་ཆོས་འབྲེལ་ཉིན་གསུམ་སྩལ་མཐར་སེམས་སྐྱེད་དང་བཟླས་ལུང་སོགས་སྩལ་གནང་མཛད།

དེ་ནས་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་ Nitish Kumar མཆོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཆེད་གསུང་ཆོས་ར་བར་ཕེབས་སྐབས་༸གོང་ས་མཆོག་གིས་མཇལ་དར་སྒྲོན་འབུལ་དང་སྦྲགས་ཕེབས་བསུའི་སྣེ་ལེན་ཞུས་གནང་མཛད།

སྐབས་དེར་ཐོག་མར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷས་མཛད་སྒོ་ངོ་སྤྲོད་གནང་རྗེས་ནང་པའི་ཚན་རིག་ཀུན་བཏུས་ཀྱི་ཕྱག་དེབ་པོད་ཕྲེང་དང་པོ་ཨིན་སྐད་ནང་སྒྱུར་བ་དེ་དབུ་ཁྲིད་རྣམ་གཉིས་ཀྱིས་ཞལ་ཕྱེ་མཛད།

དེ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་གནང་བ་དེ་བཀའ་ཁྲི་ཟུར་པ་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་སྒྱུར་ཞུ་དོན།  དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ས་སྐྱ་ཁྲི་འཛིན་མཆོག  དེ་བཞིན་འདིར་ཕེབས་པའི་བླ་ཆེན་རྣམ་པ་ཚོ།  དགེ་བའི་ཤེས་གཉེན་དང་སྐྱབས་ཡུལ་དགེ་འདུན་གྱི་སྡེ།  རྒྱལ་ཁབ་མང་པོ་ནས་ཕེབས་པའི་ཆོས་ཞུ་བ་རྣམ་པ། དེ་རིང་ང་རང་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དང་བསྟུན་ནས་གལ་གནད་ཆེ་བའི་ཕྱག་དེབ་གསར་པ་གཅིག་དབུ་འབྱེད་མཛད་རྒྱུའི་དུས་སྐབས་འདིར་བཅར་ཐུབ་པ་འདི་སྐལ་བ་བཟང་པོ་དང་བསོད་ནམས་ཆེན་པོ་ཡིན་བསམས་པ་དྲན་བཞིན་འདུག

རྡོ་རྗེ་གདན་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་ཙམ་དུ་མ་ཟད། དེའི་རྗེས་ལ་བྷི་ཧཱར་མངའ་སྡེའི་ཁྱོན་དུ་སྤྱིར་ནང་པ་དང་ལྷག་པར་ཕྱི་ནང་རིས་སུ་མ་ཕྱེ་བའི་རྒྱ་གར་གྱི་སྲོལ་རྒྱུན་ཤེས་ཡོན་གྱི་ལྟེ་གནས་ཆེན་པོ་ཞིག་ཆགས་པ་འདི་ཚང་མས་མཁྱེན་གསལ་རེད། ད་ཕན་ང་ཚོས་ཤེས་ཡག་ལ་ནཱ་ལེནྡཱ་དང་། བྲི་ཀྲ་མ་ཤི་ལ། ཨོ་དནྡཱ་པུ་རི་བཅས་གསུམ་པོ་འདི་ནང་པའི་ལྟེ་གནས་ཁང་ཡོངས་གྲགས་ཤིག་ཡིན་པ་ཤེས།

འོན་ཀྱང་ཉེ་ལམ་ས་སྔོག་འདོན་བྱེད་སྐབས་ནཱ་ལེནྡཱ་ད་དང་ཉེ་བའི་ཏེལ་ཧ་ར་ Telhara ཞེས་པའི་ས་གནས་ཤིག་ལ་སྔོན་གྱི་ནང་པའི་ཤེས་ཡོན་གྱི་གནས་གཞི་གསར་པ་ཞིག་རྙེད་བཞིན་ཡོད་སྟབས་སྟོན་པ་མྱ་ངན་ལས་འདས་རྗེས་བྷི་ཧཱར་མངའ་སྡེ་འདི་ཉིད་ཆོས་དང་རིག་གཞུང་། རིག་གནས་ཕུལ་བྱུང་གི་བསྟི་གནས་རྒྱ་ཆེན་པོ་ཞིག་ཡིན་པ་ཐེ་ཚོམ་མེད་པ་ཞིག་ཡིན་པ་ར་འཕྲོད་གསལ་པོ་ཐུབ།  དེ་འདྲའི་ངང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་གྷ་ཡར་ཡང་ཡང་༸ཞབས་སོར་འཁོད་རྒྱུ་དང་། ཡུན་རིང་པོར་བཞུགས་བཞག་མཛད་རྒྱུ་བཅས་ནི་མངའ་སྡེ་སྤྱི་ཡོངས་ཀྱི་བསོད་ནམས་ཀྱི་ཆ་ཤས་ཤིག་དང་། ལྷག་པར་དུའང་དེ་རིང་འདིར་ནང་པའི་གཞུང་ལུགས་རྒྱ་ཆེན་པོ་ནས་ཚན་རིག་དང་གཞི་དངོས་པོའི་གནས་ལུགས་ཀྱི་རིམ་པ་དེ་དག་ཟུར་འདོན་གནང་ནས་དེབ་བཞིའི་ནང་ཕྱོགས་སྡོམ་གནང་བ་དེ་དམིགས་ལོ་རྒྱུས་ནང་ལ་འཁོད་པར་འོས་པའི་བྱུང་བ་ཆེན་པོ་ཞིག་རེད།

ནང་པའི་གཞུང་ལུགས་ཧ་ཅང་རྒྱ་ཆེན་པོ་ཡིན་པར་བརྟེན་ཡུན་རིང་པོར་གནས་པ་དང་། ལྷག་པར་དུས་ཚོད་མེད་མཁན་ཚོར་མཇལ་ཐུབ་རྒྱུ་ཁག་པོ་ཡིན་ནའང་ད་ཆ་ཚང་མས་མཇལ་ཐུབ་པ་ཞིག་བྱུང་ཡོད། དེ་ཙམ་མ་ཟད་སྐད་ཡིག་མང་པོའི་ནང་ལ་བསྒྱུར་གནང་བ་དེས་ད་ཕན་མི་མང་པོ་ཞིག་གིས་སྙབ་མ་ཐུབ་དེ་ཐུབ་པ་བཟོ་གནང་མཛད་པ་འདི་ནི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བླ་ན་མེད་པའི་མཛད་རྗེས་ཤིས་ཡིན་སྟབས་དེར་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

ལྷག་པར་དུའང་ནང་པའི་གཞུང་ལུགས་དང་ནང་པའི་གཞུང་ནས་གསུང་པའི་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་དེང་རབས་ཀྱི་ཚན་རིག་པ་དང་ལྷན་འབྲེལ་བ་བྱས་ནས་དེང་རབས་ཀྱི་ཚན་རིག་པ་ཚོས་ཀྱང་དེའི་ཐོག་ལ་དོ་སྣང་ཆེན་པོ་དང་།  བློ་སྐྱེས་ཆེན་པ་བླངས་ཐུབ་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རྒྱ་ཁྱོན་གསར་པ་ལྟ་བུ་ཞིག་རེད།  རྒྱ་ཁྱོན་གསར་པ་འདིས་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་དངོས་ཡོད་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཧ་ཅང་ཡོང་ཐུབ་རྒྱུ་ཡིན་པའི་རེ་བ་ཙམ་མིན་པར་ཡེད་ཆེས་བྱེད་ཆོག་པ་ཞིག་ཀྱང་རེད།

ཕྱོགས་མཚུངས་༸གོང་ས་མཆོག་གིས་སྤྱིར་རྒྱལ་སྤྱི་དང་ལྷག་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ཤེས་རིག་ལ་དོ་སྣང་གོང་མཐོར་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་དེར་བརྟེན་ང་ཚོས་གང་ཐུབ་དེའི་ཐོག་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

སྔ་ལོར་དུས་འཁོར་དབང་ཆེན་སྩལ་གནང་མཛད་རྗེས་མངའ་སྡེའི་ནང་དུ་མྱོས་རྫས་དང་ཆང་རག་བཀག་སྡོམ་བྱས་པའི་རྗེས་སུ་མི་མང་གིས་ཕན་ཚུན་ལག་སྦྲེལ་ནས་མིའི་ཕྲེང་བ་ཞིག་བཟོས་ཡོད། སྐབས་དེར་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་མི་གྲངས་ཁྲག་ཁྲིག་བཞིས་ཙམ་བྱུང་ཡོད།

འདི་ལོའང་འདི་ལྟ་བུའི་མིའི་ཕྲེང་བ་བཟོ་རྒྱུ་རེད། དེར་བརྟེན་མངོན་པར་བསྟོད་འོས་པའི་བྱ་བ་དེ་དག་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་ཇི་ཙམ་ཡོད་པ་གསལ་པོར་མཚོན་ཐུབ།  ལས་འགུལ་དེ་དག་ལམ་ལྷོངས་ཡོང་ཆེད་༸གོང་ས་མཆོག་གིས་ཐུགས་སྨོན་གསོལ་འདེབས་གནང་རོགས་གནང་ཞུ་རྒྱུ་དང་།

མགོན་པོ་མཆོག་མངའ་སྡེ་འདི་དང་ལྷག་པར་གནས་མཆོག་རྡོ་རྗེ་གདན་དུ་ཡང་ནས་ཡང་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཙམ་མ་ཟད།  ཡུན་རིང་བཞུགས་བཞག་མཛད་ཐོག་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པ་སྐོར་བར་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུངས་བཤད་གནང་།།

Share with your friends










Submit