ཟླ་བ་ ༡ ཚེས ༢༠ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༢༠ རེས་གཟའ་སྤེན་པ།

༄༅། །དེང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་པའི་སྐབས་འདིར་ཁ་སང་ཕྱི་ཚེས་ ༡༩ ཉིན་གྷ་ཡ་ཉེན་རྟོག་མི་སྣར་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་འགྲམ་དུ་འབར་རྫས་གཉིས་རྙེད་སོན་བྱུང་ཡོད་འདུག

དེ་ཡང་དོན་རྐྱེན་དེའི་ཐོག་བདེ་སྲུང་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་ཀྱིས་གསུང་དོན།  ད་ལྟའི་ཆར་གནས་་སྟངས་ལྷིང་འཇགས་འོག་ཡོད་སྟབས་མང་ཚོགས་ནས་ཀྱང་སེམས་འཚབ་མ་གནང་རོགས་ཞེས་འབོད་སྐུལ་གནང་བ་མ་ཟད།  ལྷག་པར་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་རྒྱུན་དུ་ཅ་དངོས་བདག་པོ་མེད་པ་དང་། དོགས་གཞི་ཅན་གྱི་དངོས་རྫས་རིགས་མཐོང་ཐོས་སོགས་བྱུང་འཕྲལ་ལག་པ་སོགས་མ་འཆང་བར་ཉེན་རྟོག་མི་སྣ་དང་འབྲེལ་ཡོད་བདེ་སྲུང་ལས་བྱེད་སོགས་ལ་བརྡ་ལན་ངེས་པར་དུ་གནང་དགོས་པའི་འབོད་སྐུལ་གནང་འདུག

དོན་རྐྱེན་དེ་བྱུང་མ་ཐག་བདེ་སྲུང་དྲུང་ཆེས་གྷ་ཡ་རྫོང་གི་ཉེན་རྟོག་མི་སྣ་མཐོ་ཤོས་གཉིས་པ་དང་ཐུག་འཕྲད་གནང་ནས་སེམས་འཚབ་ཀྱི་རྣམ་པ་བཏོན་པར་ཉེན་རྟོག་འགོ་དཔོན་མཆོག་ནས་༸རྒྱལ་བའི་༸སྐུ་ཕྱྭའི་ཉེན་སྲུང་ཐོག་གྷ་ཡ་རྫོང་དེ་སྔ་ཆུ་ཚོད་ ༢༤ རིང་གཟིམ་ཆུང་གཡས་གཡོན་སོགས་ལ་བསྐོར་སྲུང་དམ་བསྒྲགས་ཧ་ཅང་བྱེད་མུས་ཁར་དོན་རྐྱེན་དེ་ལ་བརྟེན་སླར་ཡང་༸སྐུའི་སྲུང་ཕྱྭའི་ཐོག་དམ་བསྒྲགས་འཕར་མ་འཇོག་རྒྱུ་ཡིན་སྐོར་གསུངས།

དྲུང་ཆེས་མུ་མཐུད་གསུང་དོན། ད་ལྟའི་ཆར་དོན་རྐྱེན་དེའི་ཐོག་ཞིབ་འཇུག་འགྲོ་མུས་ཡིན་པར་བརྟེན་ཞིབ་འཇུག་ཡོངས་སུ་ལེགས་གྲུབ་མ་ཟིན་བར་འབར་རྫས་དེ་དག་དམིགས་ས་གཙོ་བོ་སུ་ཡིན་དང་། ལྷག་པར་༸རྒྱལ་བའི་༸སྐུ་ཕྱྭར་དམིགས་ནས་བཞག་པ་ཞིག་རེད་འདུག ཅེས་ཁ་ཚོན་གཅོད་དཀའ་བ་ཡིན་སྐོར་གསུངས།

དེ་ཡང་ཁོང་གིས་མུ་མཐུད་གསུང་དོན། དོན་རྐྱེན་དེ་བྱུང་མ་ཐག་གྷ་ཡ་རྫོང་གི་ཉེན་རྟོག་མི་སྣས་༸རྒྱལ་བའི་༸སྐུ་ཕྱྭའི་ཉེན་སྲུང་ཐོག་ཟབ་གྲུང་ཆེ་རུ་ཕྱིན་པ་དང་། མང་ཚོགས་རྣམས་ཀྱིས་ཉེན་རྟོག་པ་དང་བདེ་སྲུང་ལས་ཁུངས་ཀྱི་ལམ་སྟོན་ལྟར་ཟབ་གྲུང་གནང་གལ་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་བཞིན་ཡོད་སྐོར་གསུང་དོན།

སྤྱིར་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྷ་ཡར་༸ཞབས་སོར་འཁོད་པ་ནས་བཟུང་རྫོང་ལས་ཁུངས་ནས་འགན་ཁུར་རྐང་བཞེས་ཐོག་༸སྐུའི་སྲུང་ཕྱྭའི་ཐོག་དམ་བསྒྲགས་ཧ་ཅང་གནང་ཡོད་པ་དེ་ནི་ང་ཚོས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུའི་གནས་ལས་མ་འདས།  འོན་ཀྱང་ད་ཐེངས་འབར་རྫས་གཉིས་རྙེད་སོན་བྱུང་ཡོད།  སྤྱིར་དེ་ནི་གཙོ་བོ་འབྲེལ་ཡོད་བྷི་ཧཱར་མངའ་སྡེའི་ཉེན་རྟོག་མི་སྣའི་སྤྱང་གྲུང་དང་ལས་དོན་ཚགས་ཚུད་གནང་བར་བརྟེན་ནས་འབར་རྫས་དེ་གཉིས་དུས་ཐོག་ཏུ་རྙེད་སོན་བྱུང་སྟབས་སུ་གཅིག་ལའང་གནོད་འཚེ་ཕོག་མེད།  ཆོས་ཞུ་བ་རྣམས་ནས་ཅ་དངོས་བདག་པོ་མེད་པ་དང་དོགས་གཞི་ཅན་རིགས་མཐོང་ཐོས་བྱུང་འཕྲལ་ཉེན་རྟོག་མི་སྣར་རྩིས་སྤྲོད་དགོས་པའི་འབོད་སྐུལ་ཡང་གནང་ཡོད།།

Share with your friends










Submit