ཟླ་བ་ ༡༢ ཚེས ༡༤ ༢༠༡༧
Published By ngawang thokmey

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༨ འཁོར་བའི་དུས་ཆེན་ཁྱད་པ་ཅན་སྲུང་བརྩི་ཞུས་ཆེད། སྐུ་ཚབ་དོན་གཅོད་ལས་ཁང་གི་ལམ་སྟོན་དང་། ས་གནས་བོད་རིགས་མཐུན་ཚོགས་ཁག་གི་གོ་སྒྲིག་འོག་ས་གནས་སོ་སོར་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༩ ཉིན་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་ཆེ་ཤོས་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཨོ་གླིང་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མི་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི། ས་གནས་མངའ་སྡེའི་སྤྱི་ཁྱབ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་རིགས་གྲོགས་པོ། ཨོ་སི་ཀྲི་ལི་ཤེ་ཡའི་བོད་མི་མང་སྤྱི་འཐུས། བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གི་སྐུ་ཚབ་སོགས་ཕྱི་ནང་གི་སྐུ་མགྲོན་དང་། བོད་རིགས་ཁྱོན་བཞི་བརྒྱ་ཙམ་ལྷན་འཛོམས་ཀྱིས། ཐོག་མར་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་དོན་འགྲུབ་ལགས་ཀྱིས་བོད་ཨིན་གཉིས་ཐོག་དགའ་བསུའི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་རྣམ་པས་སྤྱིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་དང་རང་དབང་། ཞི་བདེ་བཅས་འབྱུང་ཐབས་སུ་དཀའ་བ་བརྒྱ་ཕྲག་ལྷུར་བཞེད་མཛད་པའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་དང་འབྲེལ་བའི་སྐོར་གསུང་བཤད་དང་། བོད་པ་གཞོན་སྐྱེས་ཚོས་གཞས་སྣ་འཁྲབ་སྟོན་དང་སྤོ་ལོ་འགྲན་བསྡུར། པར་རིས་འགྲེམས་སྟོན་སོགས་ཉིན་འཁྱོངས་ལས་འགུལ་སྣ་ཚོགས་སྤེལ་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད།


ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་ས་ཁེན་བྷེ་རའི་ལས་འགུལ་དེ་བཞིན་སྔ་དྲོ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་ཆེད་ཚང་མས་འཕྲད་དར་དང་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་ནས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དང་། དེ་ནས་སྐུ་ཚབ་དོན་གཅོད་གཙོས་ཕྱི་ནང་གི་སྐུ་མགྲོན་རྣམ་པས་དུས་ཆེན་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་ཡོད།

ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་བོད་མི་རྣམས་ཁེན་བྷེ་ར་གདོད་མའི་མི་རིགས་ཀྱི་སྤྱི་ཁང་དུ་ལྷན་འཛོམས་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཇིག་རྟེན་ཞི་བདེའི་དེད་དཔོན་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོ་ཚོགས་ཏེ་ཐོག་མར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དངོས་གྲུབ་རྒྱལ་མཚན་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་དང་། སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་འབྲེལ་བླང་དོར་གྱི་གསུང་བཤད་གནང་གྲུབ་མཚམས། ཚང་མས་དགའ་བའི་གླུ་དབྱངས་དང་སྐྱིད་པའི་རྡོག་བྲོ་བརྒྱབ་སྟེ་དུས་ཆེན་སྲུང་བརྩི་ཞུས་ཡོད།


ཨོ་སི་ཀྲི་ལི་ཡའི་རྒྱལ་ས་ཆེ་ཤོས་གཉིས་པ་མེལ་སྦོན་གྲོང་ཁྱེར་དུ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྐུ་མགྲོན་གཙོ་བོ་ཝེ་ཌོ་རེ་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་མི། ཨོ་གླིང་རྒྱལ་ཡོངས་ཝེ་དེ་ནམ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་རིགས་གྲོགས་པོ་བཅས་ཕྱི་ནང་གི་སྐུ་མགྲོན་གྱིས་གཙོས་བོད་མི་ ༢༥༠ ཙམ་ལྷན་འཛོམས་ཀྱིས་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བསང་གསོལ་རྒྱས་པ་ཞིག་འགོ་འཛུགས་ཞུས་ཏེ་མེལ་སྦོན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བློ་བཟང་ལགས་ཀྱིས་བོད་ཨིན་གཉིས་ཐོག་དུས་ཆེན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་ནས་སྐུ་མགྲོན་ཚོས་རིམ་བཞིན་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཙམས། གཞོན་སྐྱེས་ཚོས་གཞས་སྣ་འཁྲབ་སྟོན་སོགས་སྔ་དྲོའི་མཛད་རིམ་ལེགས་པ་བསྐྱངས་པ་དང་། ཕྱི་དྲོ་མུ་མཐུད་བོད་མི་གཞོན་སྐྱེས་ཚོས་ཕྱུ་པ་གྱོན་ལུགས་དང་། རྩམ་པ་ཟས་སྟངས། རྐང་རྩེད་སྤོ་ལོ་འགྲན་བསྡུར་སོགས་རྩེད་རིགས་སྣ་མང་དང་། སྒོར་གཞས་འཁྲབ་པ་སོགས་ཉིན་འཁྱོངས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དུས་ཆེན་སྲུང་བརྩི་ཞུས་ཡོད།

ཨོ་གླིང་མངའ་ཁོངས་བོད་རིགས་མཐུན་ཚོགས་ཡོད་སའི་ས་གནས་གཞན་ཁག་ཏུའང་ཆེ་ཆུང་ལ་མ་ལྟོས་པར། དུས་དྲན་སྲུང་བརྩིའི་མཛད་སྒོ་འདྲ་མིན་སྣ་ཚོགས་ཚོགས་ཏེ་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་བཅས།།

Share with your friends










Submit