ཟླ་བ་ ༡༢ ཚེས ༡༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་མུམ་བྷེའི་ནང་གི་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་ཡོད།

དེ་ཡང་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧུབ་ལི་ Hubli Airport གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་།  འབྲས་སྤུངས་ཁྲི་པ་མཆོག  བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག  དགའ་ལྡན་བླ་སྤྱིའི་སྐུ་ཚབ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།  དེ་ནས་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་མཆོག་གིས་གཙོས་མཁན་ལས་ཟུར་དང་དགེ་བཤེས།  ས་གནས་འགོ་འཛིན་དང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་མ་ཟད། ཀར་ཝར་རྫོང་དཔོན་ Karwar DC མཆོག་གིས་མཇལ་དར་ཕུལ་ཏེ་ཕེབས་བསུ་ཞུས་འདུག

དེ་རྗེས་བླ་སྤྱིའི་ཚོགས་ཆེན་ནང་༸ཞབས་སོར་འཁོད་མཚམས་ཐོག་མར་གནས་གཟིགས་མཛད། དེ་ནས་འབྲས་སྤུངས་ཁྲི་པ་མཆོག་སོགས་ཀྱིས་མཎྜེལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་སྙིང་པོར་ཐེངས་འདིར་བྱེས་ཀྱི་གདན་ས་གསུམ་ནང་འཁྱུག་ཙམ་བཅར་རྒྱུ་དེ་གཙོ་བོ་བསྙེན་རྫོགས་བསྒྲུབ་གནང་མཛད་རྒྱུ་དང་།  ཕྱོགས་མཚུངས་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་འཛིན་གྲྭ་དང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་མཛད་རྒྱུ་ཡིན་སྐོར་དང་།

དེང་སྐབས་འཛམ་གླིང་ནང་མིའི་བསམ་བློ་གཏོང་སྟངས་མ་འགྲིག་པར་བརྟེན་ནས་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་ཞིག་ཡོད་སྟབས། དཀའ་ངལ་དེ་དག་སེལ་བར་གཙོ་བོ་བསམ་བློར་འགྱུར་བ་བཏང་ནས་སེལ་ཐུབ་རྒྱུ་ཡིན་པར་བརྟེན།  མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ནང་གཙོ་བོ་མིའི་བསམ་བློ་ཇེ་བཟང་དུ་གཏོང་རྒྱུས་མཚོན་བློའི་རྣམ་གཞག་སྐོར་རིག་གནས་ཧ་ཅང་ཕྱུག་པོ་ཡོད་པ་རྣམས་བར་ལམ་ནས་ཉམས་ཆག་ཕྱིན་པར་བརྟེན།  རིག་གནས་དེ་དག་བསྐྱར་གསོ་མཛད་རྒྱུར་དགོངས་བཞེས་མཛད་བཞིན་པ་དང་། རྒྱ་གར་འཕགས་ཡུལ་ལ་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་འཚེ་མེད་ཞི་བ་  Ahimsa དང་སྙིང་རྗེ་ Karuna གཞི་རྩར་གྱུར་བའི་གནའ་བོའི་རིག་གཞུང་སེམས་ཁམས་རིག་པ་དང་། བློ་སྦྱོང་ཐབས་སྐོར་གྱི་ལེགས་བཤད་དེ་དག་དར་སྲོལ་ཧ་ཅང་ཡོད་སྟབས་ལེགས་བཤད་དེ་དག་བསྐྱར་གསོ་མཛད་རྒྱུའི་ཐོག་ཤུགས་སྐྱོན་གནང་མཛད་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་འཛུགས་ཐབས་མཛད་བཞིན་པ་དང་།  གདན་ས་གསུམ་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་དགེ་བཤེས་དང་། སློབ་གཉེར་བ་སོགས་ནས་༸གོང་ས་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་ཐོག་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཡིན་སྐོར་སོགས་བཀའ་སློབ་སྩལ། དེ་བཞིན་༸རྒྱལ་བ་དགེ་འདུན་རྒྱ་མཚོར་མཚོན་ན་འབྲས་སྤུངས་དང་སེ་ར་གཉིས་ལ་ཐུན་མིན་འབྲེལ་བ་ཡོད་པ་དང་། གདན་ས་ཆེན་པོ་འབྲས་སྤུངས་ལ་དཔལ་ནཱ་ལེནྡྲ་གཉིས་པ་ཞེས་འབོད་སྲོལ་ཡོད་སྐོར་བཀའ་སློབ་སྩལ།

ཕྱི་ཚེས་ ༡༢ ཉིནདགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་རྣམས་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རའི་ནང་ཆོས་འབྲེལ་བསྩལ་རྒྱུ་ཡིན་འདུག་པ་བཅས།།

 

Share with your friends










Submit