ཟླ་བ་ ༡༢ ཚེས ༡༥ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༥ རེས་གཟའ་པ་སངས།

༄༅། །ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་གྲོས་ཚོགས་ཀྱི་འཐུས་མི་ཚང་མའི་མདུན་དུ་བཤམས་ནས་བདེན་རྒྱབ་གནང་འདུག དེ་ཡང་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ནི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་ Tom Lantos Human Rights Commission ཚོགས་གཞོན་ཡིན་ཞིང་།  རེས་གཟའ་ཕུར་བུའི་ཉིན་གྲོས་ཚོགས་ཀྱི་དམིགས་བསལ་ལས་རིམ་སྐབས་ཁོང་གིས་གསུང་དོན།

རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་རང་ཡུལ་བོད་དུ་ནམ་༸ཞབས་སོར་འཁོད་མིན་རང་དབང་དང་ཐོབ་ཐང་ཆ་ཚང་འབུལ་དགོས།  ཞེས་རེ་འདུན་ཤུགས་ཆེ་བཏོན་པ་དང་སྦྲགས་གསུང་དོན། དེ་རིང་ངས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་འགྱུར་བ་གཏོང་རོགས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་རང་ཡུལ་བོད་དུ་གདན་འདྲེན་ཞུ་དགོས་པ་མ་ཟད། ནམ་༸ཞབས་སོར་འཁོད་མིན་དང་།  བོད་ནང་བཞུགས་བཞག་མཛད་དགོས་མིན་མགོན་པོ་གང་ཉིད་ཀྱི་ཐུགས་འདོད་ལྟར་མཛད་ཕྱོགས་སླད་རང་དབང་དང་ཐོབ་ཐང་ཆ་ཚང་ཕུལ་བའི་ཐོག་ནས་ཞི་བདེའི་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཡིན་པ་ལྟར་ཆེ་མཐོང་ཕུལ་བའི་ཐོག་ནས་ཁོང་དང་ལྷན་གྲོས་མོལ་ཞུས་ནས་བོད་ནང་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་དེ་སེལ་ཐབས་བྱེད་དགོས། ཞེས་གསུང་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི། བོད་མིའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡིན་པ་དང་།  བོད་མི་ཡོངས་ཀྱིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྩོད་མེད་ཡོང་གྲགས་ཤིག་ཡིན་སྟབས་གོ་སྐབས་དེར་རྒྱ་ནག་གཞུང་གིས་དམ་འཛིན་ཞུས་ནས་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་བོད་རྒྱ་འབྲེལ་མོལ་མཚམས་འཇོག་བྱུང་བ་དེ་བསྐྱར་གསོ་ཡོང་ཐབས་བྱེད་དགོས་པ་དང་། དེ་ནི་རྒྱ་ནག་རང་གི་ཁེ་ཕན་ཆེད་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་གཤེགས་རྒྱུར་ངང་སྒུག་བྱེད་ནས།  ཁོང་༸སྐུ་གཤེགས་རྗེས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱ་རྒྱུའི་ཁྲིམས་མཐུན་གྱི་བདག་དབང་ཐོབ་རྒྱུ་ཡིན་པའི་རེ་བ་བྱེད་བཞིན་ཡོད། ངའི་བསམ་པར་རྒྱ་ནག་གཞུང་གི་རེ་བ་དེར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་འཐོན་རྒྱུ་རེད་བསམ་པ་དྲན་གྱི་མེད།  གང་ཡིན་བརྗོད་ན་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་གྲངས་ཉུང་མི་རིགས་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱས་པའི་གྲུབ་འབྲས་ཇི་འདྲ་ཞིག་འཐོན་བཞིན་ཡོད་པ་ང་ཚོས་གསལ་པོར་མཐོང་ཐུབ། རྒྱ་ནག་གཞུང་ལ་མཚོན་ན་འབྱུང་འགྱུར་དཀའ་ངལ་དེ་ད་ལྟ་ནས་སེལ་རྒྱུར་གོ་སྐབས་བཟང་པོ་ཞིག་ཡོད།  དེར་བརྟེན་རྒྱ་ནག་གི་རྒྱལ་ནང་སྲུང་སྐྱོབ་དང་བརྟན་ལྷིང་ཐོག་ལ་བསམ་བློ་བཏང་བ་ཡིན་ནའང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཐོག་ནས་བོད་མི་རྣམས་ལ་རང་དབང་སྤྲད་པ་དེས་ཕན་ཐོགས་ཁོ་ན་ཡོང་རྒྱུ་རེད།

རྒྱ་ནག་གཞུང་གིས་བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྤྲད་པ་ཡིན་ན་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་རྒྱ་ནག་ལ་ལྟ་ཕྱོགས་བཟང་པོ་ཞིག་ཡོང་རྒྱུ་ཡིན་པ་ནི་སྨོད་མེད་རེད།  དེ་འདྲ་བྱུང་ན་དགའ་བསུ་དང་པོ་ངས་ཞུ་ཆོག ཅེས་གསུངས། གསུང་བཤད་ཀྱི་བརྗོད་གཞི་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་ནང་ཆིབས་སྒྱུར་གནང་འཇུག་དགོས།  གྲོས་ཚོགས་ནང་ཁོང་གིས་གཏམ་བཤད་སྤེལ་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟེན་འཕེལ་མཆོག་དང་། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་ཟུར་ཉན་དུ་ཕེབས་ཡོད་པ་མ་ཟད།  སྐབས་དེར་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་གིས་བོད་མིའི་སྐུ་ཚབ་རྣམ་གཉིས་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕེབས་པར་འཚམས་འདྲི་ཞུས་གནང་འདུག་པ་བཅས། །

Share with your friends










Submit