ཟླ་བ་ ༡༢ ཚེས ༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡ རེས་གཟའ་པ་སངས།

༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད། དེ་ཡང་དཔལ་ལྡན་བཀའ་ཤག་གི་བཀའ་འབྲེལ་ལྟར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་ཚེ་རིང་མཆོག་ལ་དོན་ཁང་གི་རྩིས་སྤྲོད་རྩིས་ལེན་གྱི་བྱེད་སྒོ་ཡོངས་རྫོགས་སྤྲོད་དཔང་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་བརྒྱུད་ལེགས་པར་གྲུབ་མཚམས།

དེ་རིང་གི་ཉིན་མོ་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡ ནས་བཟུང་དངོས་གྲུབ་ཚེ་རིང་མཆོག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་ཡོངས་རྫོགས་འགན་ཁུར་རྐང་བཞེས་གནང་རྒྱུ་ཡིན་པ་དང་།  སྤྲོད་དཔང་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ནས་ཀྱང་ཐེངས་འདིར་རྩིས་སྤྲོད་རྩིས་ལེན་རྣམས་འདོད་བློ་ཁེངས་པ་ཞིག་བྱུང་ཚུལ་གསུངས། 

སྤྱིར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༨ ཉིན་དབུ་འཛུགས་གནང་ཡོད།

དེ་ཡང་དོན་གཅོད་གསར་པ་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་དོན། ཁ་སང་ཕྱི་ཚེས་ ༢༨ ཉིན་འགོ་འཛུགས་བྱས་ནས་དེ་རིང་ཚེས་ ༣༠་བཅས་ཉིན་གསུམ་རིང་གི་རྩིས་སྤྲོད་རྩིས་ལེན་དེ་དག་ཡག་ཐག་ཆོད་བྱུང་སོང་། དོན་གཅོད་ཟུར་པའི་ཐོག་ནས་གནད་དོན་རྒྱུས་སྟོན་དང་ཡིག་ཆ་ཁག འཛིན་ཆས་དང་དངོས་ཆས་ཡོངས་རྫོགས་རྩིས་སྤྲོད་རྩིས་ལེན་ཧ་ཅང་ཡག་པོ་བྱུང་། སྤྲོད་དཔང་དུ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཕེབས་ཡོད།  ཁོང་ནས་ཐུགས་ཞིབ་ནན་པོ་གནང་སོང་།  ཕྱོགས་མཚུངས་ལས་བྱེད་ཚོས་ཀྱང་ཡིག་ཆ་ཡོངས་རྫོགས་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། 

གཞན་ཡང་སྤྲོད་དཔང་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ནས་གསུང་དོན། ཕྱི་ཚེས་ ༢༨ སྔ་དྲོ་ཆུ་ཚོད་ ༡༠།༣༠ ནས་འགོ་བཙུགས་པ་རེད། དོན་གཅོད་ཀྱི་ཕྱག་ལས་རྒྱུས་སྟོན་དང་མཇུག་སྐྱོང་། དེ་བཞིན་རྩིས་ཁྲ་དང་ཡིག་ཆས་སོགས་གང་ལྟར་ཚན་པ་ཁག་ ༡༥ ཙམ་ཞིབ་ཕྲའི་ཐོག་ནས་རྩིས་ལེན་རྩིས་སྤྲོད་གནང་རྒྱུ་དང་། དེ་རིང་སྔ་དྲོ་དངུལ་ཁང་གི་གཏོང་ལེན་འགན་འཛིན་གྱི་མཚན་རྟགས་བརྗེ་སྒྱུར་བྱ་རྒྱུའི་ལས་དོན་ཡོངས་རྫོགས་ཆ་ལག་ཚང་བའི་ཐོག་ནས་མཇུག་སྒྲིལ་བྱུང་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས།།

Share with your friends










Submit