ཟླ་བ་ ༡༢ ཚེས ༡༩ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༩ རེས་གཟའ་མིག་དམར།

༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཚོགས་གཙོ་མཆོག་ཨ་རི་རྒྱལ་ས་ཝཤིན་ཀྲོན་ཌི་སི་ནང་ལས་དོན་ཁག་ལེགས་པར་མཇུག་བསྒྲིལ་ཟིན་ཏེ། ཕྱི་ཚེས་ ༡༥ ཉིན་སན་ཕ་རན་སི་སི་ཁོ་ལ་ཆེད་ཕེབས་གནང་ཡོད། སྐབས་དེར་བྱང་ཁེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རང་གྲོལ་ལགས་ཀྱིས་གཙོས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་ཞུས་འདུག

ཉིན་རྒྱབ་བྷར་ཁ་ལི་གྲོང་སྡེའི་སྤྱི་ཁྱབ་ Jesse Arreguin མཆོག་དང་མཇལ་མོལ་ཐོག ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གསལ་བཤད་གནང་བ་དང་སྦྲགས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག   གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལོ་མང་རིང་སྤྱི་ཁྱབ་མཆོག་གི་འགན་ཁུར་སྣེ་ཁྲིད་འོག་ལོ་ལྟར་ཡུལ་དེར་བོད་མིའི་གསུམ་བཅུའི་དུས་དྲན་ཉིན་སྤྱི་ཁྱབ་ཁོང་གི་ལས་ཁུངས་ནང་བོད་ཀྱི་རྒྱལ་དར་འཛུགས་རྒྱུས་མཚོན་བོད་དོན་ལ་ཡུན་རིང་དོ་ཁུར་ཆེ་བཞེས་གནང་མཁན་ཞིག་ཀྱང་ཡིན་པར་ཐུགས་རྗེ་ཆེ་ཞུས་འདུག

སྐབས་དེར་ཁུལ་དེར་གནས་འཁོད་བོད་མི་བཅས་ལ་མཇལ་མོལ་གནང་ཡོད་པ་མ་ཟད་རྒྱུད་སྟོད་བདེ་རྩ་ཚོགས་པ། (Gyuto Foundation) གནས་ཆུང་ཆོས་ཚོགས་ལྟེ་གནས་ཁང་ (Nechung Dharma center) དཔལ་ཚེ་ཆེེན་གླིང་། (Pal Tsechen ling ) སེ་ར་བྱེས་ཆོས་ཚོགས་ལྟེ་གནས་ཁང་ (Sera Je Dharma Center ) རྒྱལ་ཞེན་བླ་བྲང་། Gyalshen Institute བཅས་ལ་ལྷན་བཅར་ཞུས་ཏེ། མུ་མཐུད་བོད་ཀྱི་རིག་གཞུང་ལ་གཅེས་སྲུང་དར་འཕེལ་གནང་དགོས་པའི་གསུང་བཤད་གནང་ཡོད། དེ་མིན་ཁུལ་དེའི་བོད་མི་ཚོས་ཀྱང་དཔལ་ལྡན་ཚོགས་གཙོ་མཆོག་ས་གནས་དེར་ཆེད་ཕེབས་གནང་བར་བོད་མི་ཚོར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད་ཐུགས་རྗེ་ལེགས་འབུལ་ཡང་ཞུས་ཡོད།

ཕྱི་ཚེས་ ༡༦ ཉིན་རྒྱབ་ Richmond མངའ་སྡེའི་སྤྱི་ཁྱབ་ Tom Butt མཆོག་དང་། EI Cerrito མངའ་སྡེའི་བདམས་ཐོན་སྤྱི་ཁྱབ་ Gabriel Quinto མཆོག་གཉིས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་དུ་དཔལ་ལྡན་ཚོགས་གཙོ་མཆོག་ལ་འཚམས་འདྲིའི་ཆེད་བཅར་ཡང་ཞུས་ཡོད། སྐབས་དེའི་འདུ་འཛོམས་སྟེང་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་གྲུབ་རྗེས།

ཁུལ་དེའི་མངའ་སྡེའི་སྤྱི་ཁྱབ་མཆོག་ནས་ཀྱང་འཚམས་འདྲི་དང་སྦྲགས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་བ་མ་ཟད་མངའ་ཁུལ་དེའི་ནང་ལ་ཡོད་པའི་བོད་མི་ཚོར་ཡང་མཐུན་འགྱུར་གང་ཐུབ་གནང་རྒྱུའི་ཁས་ལེན་བཟང་པོ་ཡང་ཐོབ་ཡོད།

ཕྱི་དྲོ་དཔལ་ལྡན་ཚོགས་གཙོ་མཆོག San Francisco ནས་ཕེབས་ཐོན་གནང་སྟེ། ཡུ་ཊ་མངའ་སྡེའི་གྲོང་ཁྱེར་སལ་ལེག་མངའ་སྡེའི་ Salt Lake ནང་ཕེབས་ཐོན་གནང་།  སྐབས་དེར་བོད་རིགས་མཐུན་ཚོགས་གཙོས་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་། གཞན་ཡང་ཡུ་ཊ་ Utah བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་བཟང་ལགས། སྤྱི་ཟུར་ཚེ་རིང་དོན་གྲུབ་ལགས་བཅས་ཀྱི་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཡུ་ཊ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་གསར་པར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Davis མཆོག་དང་སལ་ལེག་ Salt Lake མངའ་སྡེའི་སྤྱི་ཁྱབ་ Ben McAdam མཆོག་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་ལྷན་མངའ་ཁུལ་དེས་བོད་མིའི་འཛིན་སྐྱོང་སྤེལ་གསུམ་ཚགས་ཚུད་འོད་སྣང་ལྡན་པར་སེམས་ཚོར་ཆེན་པོས་དགའ་ཚོར་ཡོད་སྐོར་གསུང་གནང་ཡོད།

མཐའ་དོན་དཔལ་ལྡན་ཚོགས་གཙོ་མཆོག ཨ་རི་རྒྱལ་ས་ཝ་ཤིན་ཀྲོན་ཌི་སི། སན་ཕརན་སེ་སི་ཁོ། སོལ་ལེག་མངའ་སྡེ་བཅས་ལ་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་གྲུབ་རྗེས། ནིའུ་ཡོག་ཏུ་ཕྱིར་ཕེབས་བརྒྱུད་སང་སྔ་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་རྒྱུ་ཡིན་འདུག་པ་བཅས།།

 

Share with your friends










Submit