ཟླ་བ་ ༡༢ ཚེས ༡༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་ས་གནས་བོད་རིགས་རྣམས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༨ འཁོར་བའི་དུས་དྲན་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་ཞུས་འདུག 

དེ་ཡང་བོད་མི་སྟོང་ཕྲག་གཅིག་ཙམ་འདུ་འཛོམས་བྱུང་བའི་རྟེན་འབྲེལ་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་དང་བོད་དོན་ལ་ད་བར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཧ་ཅང་ཚད་མཐོན་པོ་ཐོབ་ཐུབ་པ་དེ་ནི་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཐུབ་ཡོད་པར་བརྟེན་བོད་མི་ཚོས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་དུས་རྟག་ཏུ་སྙིང་ལ་བཅངས་ཏེ་རང་འཁྲིད་སྐབས་བབ་ལས་འགན་རྣམས་བསྒྲུབ་དགོས་སྐོར་སོགས་གསུངས། 

ཕྱོགས་མཚུངས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཀྱང་བོད་མི་ཚོས་ཉིན་རེའི་མི་ཚེའི་བྱེད་སྒོ་སྤེལ་སྐབས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་སྙིང་བཅངས་བྱ་དགོས་གལ་སོགས་གསུངས། 

གཞན་ཡང་མཛད་སྒོའི་ཐོག་མེས་པོ་དམ་པ་གཱན་དྷི་ Mahatma Gandhi མཆོག་གི་ཚ་བོ་སྐུ་ཞབས་རཱཇ་མོ་ཧན་གཱན་དྷི་ Prof. Raj Mohan Gandhi མཆོག་སྐུ་མགྲོན་དུ་ཕེབས་འདུག  ཁོང་གིས་བདག་ཉིད་ཆེན་པོ་གཱན་དྷི་མཆོག་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་གང་ཟག་རྒྱུད་ཐ་དད་ཡིན་ཡང་མི་གྲངས་ས་ཡ་མང་པོར་སྐྱེས་བུ་ཁོང་གཉིས་ནི་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལམ་སྟོན་མཛད་མཁན་གྱི་སྐྱེས་བུ་དམ་པ་ངོ་བོ་གཅིག་ཡིན་པ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད་སྐོར་སོགས་གསུངས།

དེ་ཉིན་ཕྱེད་ཡོལ་དུ་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་བོད་མིའི་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་གནང་། སྐབས་དེར་བོད་རིགས་སློབ་མ་རྣམས་ལ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དགོས་གལ་དང་། བོད་ཀྱི་སྐད་དང་ཡི་གེ་སོགས་ལ་སློབ་སྦྱོང་ཡག་པོ་བྱས་ནས་བོད་མི་ཚད་ལྡན་ཞིག་ཆགས་ཐུབ་པ་བྱ་གལ་སོགས་ལམ་སྟོན་གནང་འདུག

ཕྱེད་ཡོལ་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་ཁོང་གི་རྗེས་དྲན་མཛད་སྒོར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཕེབས་འདུག མཛད་སྒོའི་ཐོག་སྐུ་ཞབས་ལིའུ་ཞའོ་པོ་ Lui Xia Bao དམ་པ་ཁོང་གི་སྐོར་དེབ་གཅིག་དབུ་འབྱེད་གནང་བ་དང་སྦྲགས། རྒྱ་རིགས་ཚོས་དམ་པ་ཁོང་གི་ལམ་སྟོན་ཐོག་ཤར་སྐྱོད་གནང་དགོས་པའི་དྲན་སྐུལ་ཡང་གནང་འདུག

ཕྱོགས་མཚུངས་ཕྱེད་ཡོལ་དཔལ་འབྱོར་བསྡུརུབ་ཆེད་དམིགས་བསལ་གསོལ་སྟོན་གོ་སྒྲིག་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་མགྲོན་འབོད་ཞུས་འདུག གསོལ་སྟོན་གོ་སྒྲིག་ཞུ་མཁན་ས་གནས་བོད་དོན་གདུང་སེམས་མཉམ་སྐྱེ་ལས་འགུལ་ཚོགས་པ་ཡིན་འདུག་པ་བཅས།། 

 

 

 

Share with your friends










Submit