ཟླ་བ་ ༡༢ ཚེས ༡༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་ཉི་ཧོང་རྒྱལ་ས་ཊོག་ཁྱོར་བོད་དོན་ཆེད་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་འདུག སྐབས་དེར་ཡུ་གུར་དང་ལྷོ་སོག  དེ་བཞིན་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་འཛོམས་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་སྦྲགས།  བོད་ཙམ་མ་ཟད་ཡུ་གུར་དང་།  ལྷོ་སོག་པོ་བཅས་ཀྱི་ནང་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེར་སེམས་འཚབ་ཤུགས་ཆེ་ཡོད་པ་གསལ་འདོན་གནང་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་ཞི་བདེ་དང་རང་དབང་། དྲང་བདེན་ལ་དགའ་བའི་མི་མང་རྣམས་ལ་ཐེངས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ ༦༩ འཁོར་བཞིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་མཐོར་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་ཞུ་སླད་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༨ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་སྐབས་འདིར་མཉམ་ཞུགས་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ལྷག་པར་ཁོང་གིས་གོ་སྐབས་དེ་བརྒྱུད་བོད་མི་དང་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་ད་བར་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་ཁག་གི་དབུ་ཁྲིད་དང་། གྲོས་ཚོགས་འཐུས་མི། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལའང་ཐུགས་རྗེ་ཞུས་འདུག

མཛད་སྒོའི་ཐོག་སྐུ་ཚབ་དོན་ཁང་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས།  སྤྱིར་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་དེ་ཉི་ཧོང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས།།

 

 

Share with your friends










Submit