ཟླ་བ་ ༡༢ ཚེས ༡༣ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༢ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༤༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རྭའི་ནང་སློབ་ཕྲུག་གཙོ་བོར་གྱུར་བའི་སེར་སྐྱ་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན།  

ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་ཡོང་བའི་འབད་བརྩོན་བྱེད་བཞིན་ཡོད། ཁྱེད་རང་ཚོ་ཡང་དེེར་དགོངས་པར་བཅང་དགོས། སློབ་ཕྲུག་ཚོས་ཀྱང་དེའི་སྐོར་བསམ་བློ་གཏོང་དགོས། དེ་ནས་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནད་དོན་སྐོར་ལ་ཆ་བཞག་ན་དེ་སྔ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་པ་རེད། ༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་༸རྒྱལ་དབང་རིམ་བྱོན་རྣམས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་པ་རེད།

དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ནས་བོད་ཀྱི་ཆབ་སྲིད་ཀྱི་སྒྲིག་འཛུགས་ལ་སྐྱོན་ཆ་གང་ཙམ་ཡོད་པ་ངོས་ཀྱིས་མཐོང་གི་ཡོད། ལྔ་བཅུ་ཐམ་པའི་ལོར་ངོས་ཀྱིས་ཆོས་སྲིད་གཉིས་ཀྱི་འགན་བླངས་པ་རེད། ལྔ་བཅུ་ལྔ་གཉིས་ལྔ་གསུམ་སྐབས་ངོས་ཀྱིས་ལེགས་བཅོས་ཚོགས་པ་བཙུགས་ཏེ་བསྒྱུར་བཅོས་གཏོང་དགོས་བསམས་པ་རེད། འོན་ཀྱང་དེར་རྒྱ་མིའི་གནོན་ཤུགས་ཀྱི་རྐྱེན་པས་མཐའ་འཁྱོལ་ཐུབ་མེད།  ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་མ་ཐག་ང་ཚོ་མང་གཙོའི་ལམ་དུ་འགྲོ་རྒྱུ་འགོ་བཙུགས་པ་རེད། ཕྱི་ལོ་ ༢༠༠༡ ལོར་ཆབ་སྲིད་ཀྱི་དབུ་ཁྲིད་འོས་བསྡུའི་ལམ་ནས་བདམ་པ་རེད། མི་མང་གིས་ཟམ་གདོང་རིན་པོ་ཆེ་བདམ་པ་རེད། ཁོང་གིས་ལོ་བཅུ་རིང་དབུ་ཁྲིད་གནང་བ་རེད། ཕྱི་ལོ་ ༢༠༡༡ ལོར་བློ་བཟང་སེངྒེ་ལགས་མི་མང་གིས་འོས་བསྡུ་བྱས་ཏེ་དབུ་ཁྲིད་ལ་བསླེབས་པ་རེད།

ཕྱི་ལོ་ ༢༠༠༡ ལོར་ངོས་རང་ཕྱེད་རྒན་ཡོལ་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོར་རྒན་ཡོལ་ཆ་ཚང་ཞུས་པ་ཡིན།  ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་༸རྒྱལ་དབང་རིམ་བྱོན་རྣམས་ཀྱིས་བོད་ཀྱི་ལུགས་གཉིས་ཀྱི་དབུ་ཁྲིད་གནང་སྲོལ་ཡོད་པ་དེ་ངོས་ཀྱིས་དགའ་ཞིང་སྤྲོ་ཞིང་ལམ་ལུགས་དེ་མཇུག་བསྡུས་པ་རེད། ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དེ་འཁྱེར་མི་དགོས་པ་བཟོས་པ་ཡིན།

དེ་དང་ཆབས་ཅིག་ངོས་ཀྱིས་བོད་རྒྱ་ཆེ་མི་མང་རྣམས་བློས་བཏང་བ་དེ་འདྲ་རྩ་བ་ནས་མ་རེད། ངོས་ཀྱིས་ལོ་རྒྱུས་དཔེ་མཚོན་ཞིག་ཤོད་རྒྱུ་ཡོད། ན་ནིང་ངོས་རང་གྷོ་ཧ་ཊི་ Guwahati ནས་གནམ་གྲུ་ཆུང་ཆུང་ཞིག་གི་ནང་ཕྱིན་པའི་སྐབས་གནམ་གཤིས་དེ་ཙམ་ཡག་པོ་མེད་སྟབས། གནམ་གྲུ་ཕར་ཚུར་ཧ་ཅང་འཁྲུག་ཆེན་པོ་ཐེབས་པ་རེད།  འོ་ད་ཡིན་ན་འཆི་མི་ཡོང་ངམ་བསམ་པ་དྲན་བྱུང་། སྐབས་དེར་ངོས་རང་འཆི་ན་མི་གཅིག་རེད། འོན་ཀྱང་བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་གིས་ངོས་ལ་རེ་ལྟོས་བྱས་ནས་བསྡད་ཡོད་སྟབས། དེ་དག་བློ་ཕམ་ཡོང་རྒྱུ་རེད་བསམ་པ་དྲན་བྱུང་།

ངོས་རང་དེར་ཡ་མཚན་བྱུང་། དེར་བརྟེན་ངོས་ཀྱིས་བོད་རྒྱ་ཆེ་མི་མང་གི་དོན་དག་དེ་ནམ་ཡང་བརྗེད་ཀྱི་མ་རེད། ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་བཞག་ཚར་བ་རེད། ད་ཆ་ངོས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད། བོད་མཐོ་སྒང་གི་ཁོར་ཡུག་དང་ས་ཆུ་གཙང་མ་ཞིག་ཡོང་བ་བྱ་རྒྱུ་དེ་ངོས་རང་གི་ལས་འགན་ཞིག་ལ་རྩི་བཞིན་ཡོད། བོད་མིའི་གཞིས་ཆགས་ཁག་གི་ཁོར་ཡུག་སྐོར་གཞོན་སྐྱེས་ཚོས་དོ་སྣང་མང་ཙམ་བྱ་དགོས།

ལོ་ཁ་ཤས་གོང་ལ་རྒྱ་རིགས་ཁོར་ཡུག་མཁས་པ་ཞིག་གིས་བོད་ཀྱི་ཁོར་ཡུག་སྐོར་རྩོམ་ཡིག་གཅིག་སྤེལ་འདུག  བོད་ཀྱི་ས་མཐོའི་བྱེ་ཐང་དེ་འཛམ་གླིང་གི་ལྷོ་བྱང་གཉིས་ཀྱི་ཚ་དྲོད་ལ་འབྲེལ་བ་ཡོད་སྟབས། ཁོང་གིས་བོད་ཀྱི་ས་མཐོའི་བྱེ་ཐང་དེ་འཛམ་གླིང་གི་བྱང་སྣེ་གསུམ་པ་རེད། ཅེས་བྲིས་འདུག  དེར་བརྟེན་བོད་ཀྱི་ཁོར་ཡུག་གཙང་མ་ཉར་རྒྱུ་དེ་བོད་མི་གཅིག་པོའི་འགན་མ་རེད། བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་སྤྱི་ལ་འབྲེལ་བ་ཡོད་པ་ཞིག་རེད་འདུག བོད་ཀྱི་ཡར་ཀླུངས་གཙང་པོ་དང་། རྨ་ཆུ། འབྲི་ཆུ་སོགས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་ཆགས་འདུ

དེར་བརྟེན་བོད་ཀྱི་ཁོར་ཡུག་བདག་གཅེས་བྱ་རྒྱུར་ངོས་ཀྱིས་ཤུགས་རྒྱག་བཞིན་ཡོད། དེ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་རེད། ཚན་རིག་པ་ཚོས་བཤད་པ་ལྟར་ན། འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་པོ་ཨ་ཕི་རི་ཀ་ Africa ནས་འགོ་བཙུགས་པ་རེད་ཟེར། ཚན་རིག་པ་ཚོས་ས་འོག་གི་མིའི་རུས་པ་དེ་འདྲ་བརྟག་དཔྱད་བྱས་པ་བརྒྱུད་གསུངས་པ་ལྟར་ན། འགྲོ་བ་མིའི་འཕེལ་རིམ་དང་པོ་ཨ་ཕི་རི་ཀ་ནས་རིམ་བཞིན་འཕེལ་བ་དང་། བོད་ལ་ཆ་བཞག་ནའང་རྒྱ་རིགས་མ་འཕེལ་གོང་ནས་བོད་རིགས་འཕེལ་བ་ཞིག་གསུང་གི་འདུག 

རྒྱ་མིའི་མཁས་དབང་ཚོས་བོད་ནང་ས་འོག་ཏུ་མིའི་རུས་པ་དེ་འདྲ་ལ་བརྟག་དཔྱད་བྱེད་སྐབས་བོད་མཐོ་སྒང་དུ་འགྲོ་བ་མི་ཆགས་ནས་ད་བར་མི་ལོ་སྟོང་ཕྲག་སུམ་བཅུ་བཞི་བཅུ་ཕྱིན་ཡོད་པ་གསུངས་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ཡི་གེ་རྒྱ་གར་གྱི་ཡི་གེ་ Devanagari  ལ་དཔེ་བླངས་ནས་བཟོས་པ་ལས་རྒྱ་ནག་ཡི་གེ་ལ་དཔེ་བླངས་མེད།  རྒྱ་བཟའ་ཀོང་ཇོ་རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་རྒྱལ་ས་ཤི་ཡང་ Xiang ཞེས་པ་དེ་བརྒྱུད་ནས་བོད་ལ་གདན་འདྲེན་ཞུས་འདུག  
ངོས་རང་དེ་སྔ་རྒྱ་ནག་ནས་ཡོང་དུས་ཤི་ཡང་ཞེས་པའི་ས་གནས་དེར་འབྱོར་སྐབས་དེར་ལྷ་ཁང་ཆུང་ཆུང་ཞིག་འདུག  ལྷ་སའི་ཇོ་བོ་དེ་ནས་བོད་ལ་གདན་འདྲེན་ཞུས་པ་རེད་ཟེར། བོད་རྒྱ་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཧ་ཅང་བྱུང་ཡོད། འོན་ཀྱང་བོད་ཀྱི་ཡི་གེ་དེ་རྒྱ་གར་ཡི་གེ་ལས་དཔེར་བླངས་ནས་བཟོས་འདུག

དུས་རབས་བརྒྱད་པའི་ནང་བོད་ལ་ནང་ཆོས་རྒྱ་ཆེར་སྤེལ་སྐབས་རྒྱ་ནག་ཏུ་ནང་ཆོས་དར་ནས་ལོ་མང་པོ་ཕྱིན་ཚར་བ་རེད། དཔེར་ན་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལྟ་བུར་མཚོན་ན་བོད་ཡིག་ནང་མ་བསྒྱུར་གོང་རྒྱ་ཡིག་ནང་བསྒྱུར་ཚར་འདུག  ནང་ཆོས་རྒྱ་གར་རང་ནས་ཐད་ཀར་བོད་ལ་བསྒྱུར་རྒྱུའི་འབད་བརྩོན་གནང་འདུག མཁན་ཆེན་ཞི་འཚོ་བོད་ལ་གདན་འདྲེན་ཞུས་པ་དང་། ཁོང་མཁས་པའི་དབང་པོ་རེད། ཁོང་གིས་ངོ་སྤྲོད་གནང་ནས་བྱམས་ཆོས་སྡེ་ལྔ་དང་།  སློབ་དཔོན་ཕྱོགས་གླང་དང་སློབ་དཔོན་ཆོས་གྲོགས་སོགས་ཀྱི་ཚད་མའི་གཞུང་ཆེན་དེ་དག་ལྟ་རྒྱུའི་སྲོལ་གཏོད་འདུག

དེ་ནས་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་རྒྱ་གར་ནས་བོད་ཡིག་ཏུ་བསྒྱུར། དེ་རིང་ཁ་སང་མཁས་དབང་ཚོས་བོད་ཡིག་གི་སྒྱུར་དེ་རྒྱ་ཡིག་གི་སྒྱུར་ལས་ཧ་ཅང་བཟང་བ་འདུག་ཅེས་གསུང་གི་འདུག  ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་ནང་ཆོས་དར་སྤེལ་གྱི་ལས་གཞི་ཤུགས་ཆེ་ཤོས་གནང་འདུག   བཀའ་བསྟན་འགྱུར་གྱི་དགོངས་འགྲེལ་བསྟན་པ་སྔ་དར་དང་ཕྱི་དར་སྐབས་བོད་ཀྱི་མཁས་པ་ཚོས་བརྩམས་གནང་བའི་དཔེ་དེབ་ཕལ་ཆེར་པོ་ཏི་ཁྲི་ཙམ་ཡོད་པ་རེད། བོད་ཡིག་ནང་ཡོད་པའི་གཞུང་དེ་དག་གསལ་ཤོས་དང་རྒྱས་ཤོས་ཡིན་པ་དང་།  དེང་སང་ངོས་ཀྱིས་རྒྱ་གར་བ་ཚོར་རྩེད་མོ་དང་སྦྲགས་ཞུ་གི་ཡོད། སྔ་མོ་ང་ཚོས་ཅི་གང་ཤེས་ཀྱི་མེད། རྗེ་རིན་པོ་ཆེས་རྒྱ་གར་གྱི་རྣམ་དཔྱོད་དེ་བོད་ལ་དར་བ་ནས་བཟུང་བོད་ཀྱི་མུན་པ་སེལ་སོང་། ཟེར་བ་དེ་བདེན་པ་རེད་འདུག   དེར་བརྟེན་ལོ་རྒྱུས་ཐོག་ནས་རྒྱ་གར་བ་ཚོ་ང་ཚོའི་དགེ་རྒན་རེད། ང་ཚོ་རྒྱ་གར་གྱི་དགེ་ཕྲུག་རེད། འོན་ཀྱང་ང་ཚོ་བློ་འགེལ་ཆོག་པའི་དགེ་ཕྲུག་ཅིག་ཡིན།  ཞེས་ངོས་ནས་རྒྱ་གར་བ་ཚོར་ཤོད་ཀྱི་ཡོད། རྒྱ་གར་གྱི་ལྟ་གྲུབ་དང་། ཚད་མ་རིག་པ། སེམས་ཁམས་རིག་པ་སོགས་སྦྱང་དགོས་ན་བོད་ཡིག་ཡག་ཤོས་རེད། འདི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད། ང་ཚོའི་མེས་པོ་ཚོས་དཀའ་ལས་ཧ་ཅང་བརྒྱབ་འདུག  ཁོང་ཚོའི་རྣམ་དཔྱོད་ཧ་ལས་པ་རེད།  

དེང་སྐབས་རྒྱ་ནག་ནང་དུ་ནང་པའི་ཆོས་བྱེད་མཁན་མི་གྲངས་ས་ཡ་བཞི་བརྒྱ་ཙམ་ཡོད་འདུག ཁོང་ཚོ་ཡིན་ནའང་བོད་བརྒྱུད་ནང་བསྟན་ལ་ངོ་མཚར་སྐྱེ་ཡི་ཡོད་པ་རེད།  ཁོང་ཚོས་བོད་ཀྱི་ནང་ཆོས་ལ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་རྒྱ་ནག་གི་ནང་ཆོས་ལ་འདོན་པ་བཏོན་པ་མ་གཏོགས་འགྲེལ་བཤད་རྒྱག་རྒྱུ་མི་འདུག་ཟེར། བོད་བརྒྱུད་ནང་བསྟན་གྱི་གཞུང་དེ་ཚན་རིག་པ་དང་མཉམ་དུ་བརྟག་དཔྱད་དང་རིག་པའི་ལམ་ནས་སྦྱངས་དགོས་པ་རེད།

དཔེར་ན། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས།

དགེ་སློང་དག་དང་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པ་དེས་གཞི་ལམ་འབྲས་གསུམ་ག་རེ་ཡིན་ཡང་རྒྱུ་མཚན་གྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་རེད་འདུག རྒྱ་མིས་ཕྱི་ལོ་ ༡༩༦༠ ནང་དེ་འདྲ་ཞིག་ལ་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་ཡིག་ཆ་ཞིག་གི་ནང་དུ། བོད་དུ་སངས་རྒྱས་པའི་ཆོས་ལ་དད་པ་ཧ་ཅང་ཡོད་པ་རེད། དེ་མེད་པར་བཟོ་བར་ཆེད་མངགས་འབད་བརྩོན་གང་ཡང་བྱེད་མི་དགོས་པ་རེད། ཆོས་དད་དེ་རྨོངས་དད་རེད། རིམ་པས་ཚན་རིག་གི་སློབ་སྦྱོང་དེ་ཡར་རྒྱས་སོང་བ་ཡིན་ན་རྨོངས་དད་རང་བཞིན་གྱིས་མེད་པ་ཆགས་འགྲོ་རྒྱུ་རེད། ཅེས་དེ་འདྲའི་ཡི་གེ་ཞིག་ངོས་ཀྱིས་མཐོང་བྱུང་། 

ད་ལྟ་ལོ་ངོ་བཞི་བཅུ་ལྔ་བཅུ་ཕྱིན་པའི་རྗེས་སུའང་ཚན་རིག་པ་ཚོས་ཚུར་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་ཀྱི་ཡོད། གང་ལྟར་རིག་པའི་ལམ་ནས་འགྲོ་རྒྱུ་གལ་ཆེན་པོ་རེད། དེ་སྔོན་རྡ་སར་བཀའ་ཆོས་བྱེད་སྐབས་ཤིག་ལ་ངོས་ཀྱི་ངོ་ཤེས་པ་དགེ་བཤེས་ཤིག་ཐུག་བྱུང་། ངོས་རང་སྟོང་ཉིད་ཀྱི་ལྟ་བ་ལ་དོ་དབྱིངས་ཧ་ཅང་ཡོད།  བཀའ་ཆོས་གྲོལ་ནས་ངོས་ཀྱིས་དགེ་བཤེས་ལགས་ལ་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཇི་འདྲ་ཞིག་འཁོར་གི་འདུག ཅེས་བཀའ་འདྲི་ཞུས་པ་ཡིན། ཁོང་གིས་སྟོང་ཉིད་ཀྱི་ལྟ་བར་ཧ་ཅང་བསམ་བློ་འཁོར་ཁག་པོ་འདུག་ཟེར། ངོས་ཀྱིས་ཁོང་གི་མགོ་ལ་མུར་མཛོག་ཅིག་གཞུས་ཏེ་དགེ་བཤེས་ཀྱི་ཞབས་འདྲེན་རེད་བརྗོད་པ་ཡིན། དགེ་བཤེས་ཀྱིས་མ་ཤེས་ན་སུས་ཤེས། ཅེས་ནང་ཚགས་བྱས་ནས་བརྗོད་པ་ཡིན། ང་ཚོ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པའི་སྒོ་ནས་དཔེ་ཆའི་གཞུང་དེ་དག་ལྟ་རྒྱུ་གལ་ཆེན་པོ་རེད།

ལོ་ཤས་གོང་ནས་ངོས་ཀྱིས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བྱ་རྒྱུར་འབབ་བརྩོན་བྱེད་ཀྱི་ཡོད། ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་དེ་དག་ཤེས་ཡོན་རང་གི་འདུ་ཤེས་ཐོག་ནས་སློབ་སྦྱོང་བྱ་དགོས། རྒྱ་གར་ནང་ཤུགས་རྐྱེན་ཐེབས་པ་ཡིན་ན་རྒྱ་ནག་ནང་དུའང་ཤུགས་རྐྱེན་ཐེབས་འགྲོ་གི་རེད། རྒྱ་ནག་ལོ་རྒྱུས་ཐོག་ནས་ནང་པའི་ལུང་པ་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་གོང་འཕེལ་གཏང་ཐུབ་ན་མ་འོངས་པར་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་འདུག  རྒྱ་གར་ནང་རེ་བ་འདུག    རྒྱ་ནག་ནང་དུའང་རེ་བ་འདུག རྒྱ་དཀར་ནག་གཉིས་བསྡོམས་ན་མི་འབོར་དུང་ཕྱུར་ཉི་ཤུ་ལྷག་འདུག  དེར་བརྟེན་གནད་འགག་ཧ་ཅང་འདུག   དེ་དག་ཁྱེད་རང་ཚོ་ཚང་མས་དགོངས་པར་བཅང་དགོས།།

སྐུ་པར་མཐུན་འགྱུར་གནང་མཁན་དགའ་ལྡན་ཕོ་བྲང་།

Share with your friends










Submit