ཟླ་བ་ ༡༢ ཚེས ༢༩ ༢༠༡༧
Published By ngawang thokmey

 ༢༠༡༧ ཟླ་ ༡༢ ཚེས་ ༢༩ རེས་གཟའ་པ་སངས།

 

༄༅། །འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་རིར་བདེ་འབྱོར་ཐུབ་པར་སྲིད་སྐྱོང་མཆོག་འདོད་བློ་ཁེངས་པོ་བྱུང་ཚུལ་གསུང་དོན།

དོན་གྲུབ་དབང་ཆེན་ལགས་ད་ཆ་རང་དབང་ལུང་པའི་ནང་རང་གི་ནང་མི་རྣམས་དང་ལྷན་འཛོམས་བྱུང་ཐུབ་པར་ང་ཚོའི་སེམས་ནང་ངལ་གསོ་ཧ་ཅང་ཐོབ་བྱུང་།  ཁོང་གིས་སྙིང་སྟོབས་ཆེན་པོས་བོད་མིའི་རྩ་དོན་ཆེད་བློས་གཏོང་གནང་བར་ང་ཚོས་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་དང་ཁོང་གི་ནང་མི་རྣམས་འབྱུང་འགྱུར་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།

 

དེ་ཡང་བོད་ཀྱི་གློག་བརྙན་བཟོ་སྐྲུན་ཁང་ Filming for Tibet ཞེས་པས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་དོན་ལྟར་ན།  དོན་གྲུབ་དབང་ཆེན་ལགས་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ཨ་རིའི་སན་ཕི་རེན་སི་སི་ཀོ་གྲོང་ཁྱེར་ནང་བདེ་འབྱོར་ཐོག་རང་གི་ནང་མི་བུ་ཕྲུག་རྣམས་དང་ལྷན་འཛོམས་བྱུང་འདུག 

རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་རྐྱེན་ལོ་ངོ་བཅུ་ཙམ་རིང་ནང་མི་སྤུན་མཆེད་རྣམས་དང་ཁ་བྲལ་བ་རེད།  སྤྱིར་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་གི་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་སེམས་ནང་དཀའ་ངལ་ཇི་ཙམ་ཡོད་པའི་དངོས་བྱུང་གློག་བརྙན་བཟོས་པ་དེ་གསང་བའི་ཐོག་ནས་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་གནང་ཐུབ་ཡོད།

དེ་ཡང་ཁོང་དང་ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་གཉིས་རྒྱ་ནག་གཞུང་གིས་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་བྱས་པར་བསྙད་ནས་། ཕྱི་ལོ་ ༢༠༠༨ ལོར་པེ་ཅིང་ཨོ་རྩེད་འགྲན་བསྡུར་ཚུགས་ལ་ཉེ་བའི་སྐབས་ཏེ་ལོ་དེའི་ཕྱི་ཟླ་ ༣ ནང་འཛིན་བཟུང་བྱས་ཡོད།

དེ་ཡང་རྒྱལ་གཅེས་པ་ཁོང་གཉིས་ཀྱིས་བཟོས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དེའི་ནང་གཞིས་ལུས་བོད་མི་དཀྱུས་མ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཇི་ཙམ་ཞུ་བཞིན་པའི་ཚོར་བ་རྣམས་ཁ་གསལ་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་གདོང་ལེན་ཇི་ཙམ་བྱེད་བཞིན་པ།

དེ་བཞིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་རྒྱ་ནག་ནས་བོད་ནང་དུ་རྒྱ་ནག་གཞུང་གི་སྲིད་བྱུས་འོག་རྒྱ་ཧན་མི་རིགས་ཧ་ཅང་ཕོན་ཆེ་གནས་སྤོ་བྱས་དང་བྱེད་བཞིན་པ་སོགས་ལ་བོད་མི་ཚོས་མི་འདོད་པའི་ཚོར་སྣང་ཤུགས་ཆེ་ཡོད་པ་དེ་དག་འཁྱོག་བཤད་དང་འགྲོ་བཀུར་སྤངས་ཏེ་ཞིབ་ཕྲ་འགྲེལ་བརྗོད་གནང་བའི་སྐོར་ཡིན།

གློག་བརྙན་དེ་རིམ་བཞིན་གཞིས་བྱེས་གཉིས་ནང་གྲགས་ཆེན་པོ་དང་གདེང་འཇོགས་ཆེན་པོ་ཐོབ་སྐབས་གཞི་ནས་རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཙོན་འཇུག་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༡ ཉིན་དོན་གྲུབ་དབང་ཆེན་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ལོ་ ༣ རིང་ཆབ་སྲིད་ཀྱི་ཐོབ་ཐང་ཡོངས་རྫོགས་བཙན་འཕྲོག་བྱས་ཡོད། དེར་བརྟེན་ཁོང་ལ་ཕྱི་ལོ་ ༢༠༡༠ ལོ་ནས་བཙོན་འཇུག་ཁྲིམས་ཆད་འགོ་བཙུགས་ཡོད།

དོན་གྲུབ་དབང་ཆེན་བཙོན་འཇུག་བྱས་པ་ནས་བཟུང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་རིམ་པ་ཞུས་ཡོད། དེ་ཁོངས་ནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ Amnesty International ཡོད་པ་ཙམ་དུ་མ་ཟད། ཚོགས་པ་དེས་དོན་གྲུབ་དབང་ཆེན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་གནང་བ་དང་། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༢ ལོར་ཨ་རིར་རྟེན་གཞི་བྱས་པའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པ་ Committee to Protect Journalists  ཞེས་པས་དོན་གྲུབ་དབང་ཆེན་ལགས་ལ་རྒྱལ་སྤྱིའི་གསར་འགྱུར་རང་དབང་གཟེངས་རྟགས། International Press Freedom Award  ཞེས་པ་དེ་གནང་ཡོད།

མཐར་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་དོན་གྲུབ་དབང་ཆེན་བཙོན་གྲོལ་ཐོབ་ནས་ཨ་མདོ་བ་ཡན་རྫོང་ནང་རང་ཁྱིམ་དུ་འབྱོར་ཡོད།  རང་ཁྱིམ་དུ་འབྱོར་ཡོད་ཀྱང་ལོ་གསུམ་རིང་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༤ བར་ཆབ་སྲིད་ཀྱི་ཐོབ་ཐང་རྩ་བ་ནས་མེད་པར་གནས་ཡོད། དུས་སྐབས་དེའི་མཚམས་ནས་ཉེས་ཆད་ཀྱི་དུས་བཀག་རྫོགས་པར་བརྟེན་ཁོང་རིམ་བཞིན་ཨ་རིར་འབྱོར་རྗེས་སེམས་ནང་ངལ་གསོ་ཐོབ་པ་ཞིག་བྱུང་ཡོད་ཚུལ་གསར་འགོད་པ་ཚོར་གསུང་དོན། 

དུས་ཡུན་རིང་པོའི་རྗེས་ངའི་སེམས་ནང་འཇིགས་སྣང་དང་བྲལ་ཞིང་རང་དབང་གི་དཔལ་ལ་རོལ་ཐུབ་རྒྱུ་རེད་བསམ་པའི་གདེང་སྤོབས་ཤིག་གཞི་ནས་རྙེད་བྱུང་། དེར་བརྟེན་ང་རང་སླར་ཡང་ནང་མི་བུ་ཕྲུག་དང་ལྷན་འཛོམས་ཆེད་འབད་བརྩོན་ཆེན་པོས་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཁོང་རུས་གཏིང་ནས་བཀའ་དྲིན་བླ་མེད་དུ་ཆེ། ཞེས་ཞུ་རྒྱུ་དང་།  འོན་ཀྱང་རང་ཡུལ་བོད་དང་བྲལ་བའི་སྡུག་བསྔལ་ད་དུང་མུ་མཐུད་གནས་བཞིན་འདུག ཅེས་གསུངས།།  

 

Share with your friends










Submit