ཟླ་བ་ ༡༢ ཚེས ༢༦ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༢༦ རེས་གཟའ་མིག་དམར།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་གྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་ Tumkur University  དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་།  སྐབས་དེར་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཇཱ་ཡ་ཤཱི་ལ་ Prof.Jayasheela ལགས་དང་སེར་བྱེས་མཁན་རིན་པོ་ཆེ་བསྟན་འཛིན་ཆོས་བཟང་མཆོག་བཅས་ཀྱིས་གཙོས་འབྲེལ་ཡོད་མི་སྣ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གྲུབ་མཚམས་ཐོག་མར་༸གོང་ས་མཆོག་གིས་སྡིངས་ཆའི་སྟེང་རྒྱ་གར་སྲོལ་རྒྱུན་ལམ་ལུགས་ལྟར་སྣང་གསལ་ཞལ་ཕྱེ་བཀའ་དྲིན་ཆེ་གནང་མཛད།

དེ་རྗེས་ཉེ་བའི་རིགས་བདག་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་བ་དང་འབྲེལ་ཏུམ་ཀུར་དགེ་ལས་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་རྟགས་འབུལ་ལམ་ཞུས་པ་དང་། སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་ཏུམ་ཀུར་གཙུག་ལག་སློབ་ཁང་དང་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་སོགས་དང་འབྲེལ་བའི་ལས་བསྡོམས་དང་འབྱུང་འགྱུར་ཤེས་ཡོན་བསྟི་གནས་ཁང་གཉིས་དབར་ལས་འཆར་ཁག་གཅིག་སྤེལ་འཆར་ཡོད་སྐོར་ལྷ་སྙན་སྒྲོན་འབུལ་ཞུས།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་པོ་མཆོག་ནས་སེར་བྱེས་ཨིན་སྐད་དང་རྒྱ་སྐད་སྡེ་ཚན་གྱིས་བསྒྱུར་སྒྲིག་ཞུས་པའི་དཔེ་དེབ་ཁག་གཅིག་དབུ་འབྱེད་མཛད།

དེ་རྗེས་༸གོང་ས་མཆོག་གིས། དེང་རབས་ཅན་གྱི་སྤྱི་ཚོགས་ཁྲོད་ཀུན་ཁྱབ་བཟང་སྤྱོད་ཀྱི་ཉེར་མཁོ།  Relevance of Universal Ethics for the Modern Age ཞེས་པའི་བརྗོད་གཞིའི་ཐོག་དགེ་ལས་སློབ་ཕྲུག་གཙོས་སེར་སྐྱ་མི་མང་༢༥༠༠ ལྷག་ལ་བཀའ་སློབ་ལམ་སྟོན་སྩལ་དོན།

ངོས་རང་ལོ་བརྒྱད་ཅུ་གྱ་གཉིས་ལ་བསླེབས་པའི་མི་ཞིག་ཡིན།  ལོ་ངོ་དེ་དག་རིང་ངོས་ནས་ཉམས་མྱོང་བརྒྱུད་ནས་མང་པོ་ཞིག་ཤེས་བྱུང་།  འགྲོ་བ་མིའི་རིགས་འཕེལ་བ་ནས་བཟུང་ང་ཚོར་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོད་པ་ནི་མིའི་ཀླད་པ་རེད། ཚན་རིག་པས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད། ཅེས་བརྗོད་ཀྱི་འདུག  སྲོག་ཆགས་གཞན་དང་མི་འདྲ་བར་ང་ཚོ་འགྲོ་བ་མི་ལ་བྱམས་པ་དང་བརྩེ་བ་རྒྱུད་ལ་སྐྱེ་རྒྱུ་ཡོད། རྒྱུན་དུ་ཁོང་ཁྲོ་ལངས་པ་ཡིན་ན། དེས་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་བཞིན་ཡོད་པ་ཚན་རིག་པས་བརྗོད་ཀྱི་འདུག  ལུས་པོའི་འཕྲོད་བསྟེན་གལ་ཆེན་པོ་རེད། དེ་དང་ཕྱོགས་མཚུངས་ནང་སེམས་ཀྱི་འཕྲོད་བསྟེན་དེ་བས་ཀྱང་གལ་ཆེ། 

སོ་སོའི་རྒྱུད་ལ་བྱམས་པ་དང་བརྩེ་བ་ཡོད་ན་རང་གཞན་ཚང་མ་སྐྱིད་པོ་ཡོང་གི་རེད། རྒྱུན་དུ་ཁོང་ཁྲོ་དང་ཞེ་སྡང་ལངས་ནས་བསྡད་ན་རང་གཞན་ཚང་མ་ལ་གནོད་ཀྱི་ཡོད། ལོ་ངོ་ ༣༠༠༠ གོང་ནས་རྒྱ་གར་ནང་ཆོས་བརྒྱུད་ཁག་བྱུང་བ་རེད། ཆོས་ལུགས་དེ་དག་གི་ལྟ་གྲུབ་ལ་ཁྱད་པར་ཡོད་ནའང་བྱམས་པ་དང༌། བརྩེ་བ། བཟོད་བསྲན། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་རྣམས་གཅིག་མཚུངས་ཡིན།

སེར་བྱེས་མཁན་རིན་པོ་ཆེ་མཆོག

འགྲོ་བ་མིའི་སེམས་ནང་ཞི་བདེ་སྐྲུན་རྒྱུའི་ནུས་པའང་གཅིག་མཚུངས་སུ་ཡོད་པ་ཤོད་ཀྱི་ཡོད། ང་ཚོས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་དགོས། རང་ཉིད་སྒེར་དང་། གྲོང་པ་ཁྱིམ་མཚེས། སྤྱི་ཚོགས། རྒྱལ་ཁབ། ཐ་ན་འགྲོ་བ་མི་ཡོངས་བདེ་སྐྱིད་ལྡན་པ་ཞིག་བཟོ་དགོས་ན་ཤེས་ཡོན་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

དེང་རབས་ཤེས་ཡོན་སྤྲོད་སྟངས་གཅིག་པུས་འདང་གི་མེད། དེང་རབས་ཤེས་ཡོན་ནི་གཙོ་བོ་ཕྱི་དངོས་པོ་གཅིག་པུར་དམིགས་པ་ཞིག་རེད་འདུག  དེང་རབས་ཤེས་ཡོན་དེ་ནུབ་ཕྱོགས་ནས་དར་བ་ཞིག་ཡིན། དེང་རབས་ཤེས་ཡོན་གྱི་ཐོག་ནས་ཧ་ཅངཚད་མཐོ་པོ་དང་། ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཚོར་མཚོན་ནའང་ལུང་པ་དེ་དག་གི་མི་རྣམས་བདེ་ཞིང་སྐྱིད་པ་ཞིག་ཡིན་པའི་ངེས་པ་མེད། དེང་རབས་ཤེས་ཡོན་གྱི་འགྲོ་བ་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐུབ་ཀྱི་མེད་པ་གསལ་པོ་རེད།

དེང་རབས་ཤེས་ཡོན་སྤྲོད་སྟངས་དེ་ཆ་མ་ཚང་བ་ཞིག་ཡིན་སྟབས་ང་ཚོས་དེང་རབས་ཤེས་ཡོན་སྤྲོད་སྟངས་དེ་ཆ་ཚང་བ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེང་སང་ཚན་རིག་པ་དང་ཤེས་ཡོན་པ་ཚོས་དེང་རབས་ཤེས་ཡོན་དེ་ཆ་མ་ཚང་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད།

ད་ལྟ་ང་ཚོས་འདིར་ཞི་བདེ་དང་འཆམ་མཐུན། བདེ་སྐྱིད་ལོངས་སུ་སྤྱོད་བཞིན་ཡོད།  འོན་ཀྱང་དུས་ཚོད་འདིའི་སྐབས་སུ་འཛམ་གླིང་གི་ས་ཆ་གཞན་དང་གཞན་དཔེར་ན། སི་རི་ཡ་དང་།  Syria ཡཱ་མེན། Yamen ཨ་ཕི་རི་ཀ་ Africa བཅས་ཀྱི་ནང་མི་སྟོང་ཕྲག་མང་པོ་འཚེ་བ་དང་མུ་གེའི་རྐྱེན་གྱིས་འཆི་བཞིན་ཡོད། དཀའ་ངལ་དེ་དག་ང་ཚོ་རང་གིས་བཟོས་པ་ཤ་སྟག་རེད། འཛམ་གླིང་གི་ཤར་ནུབ་རྒྱལ་ཁབ་ཚང་མས་གཅིག་ཕན་གཅིག་གྲོགས་བྱས་ནས་སྡོད་དགོས་པ་ཆགས་ཡོད། གོ་ལའི་ཚ་དྲོད་དང་། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས། མི་འབོར་འཕེལ་རྒྱས་ཀྱི་དཀལ་ངལ་དེ་དག་གཅིག་ལ་གཅིག་བརྟེན་བྱས་ནས་ཡོང་བཞིན་ཡོད།

རྒྱ་གར་ནི་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་མི་འབོར་མང་ཤོས་གཉིས་པ་དེ་ཆགས་ཡོད། དཔེར་ན་རྒྱ་གར་དུ་ཤར་ལྷོ་ནུབ་བྱང་གི་ས་ཁུལ་ཚང་མར་སྐད་ཡིག་མ་འདྲ་བ་ཡོད་ཀྱང་ཚང་མ་རྒྱ་གར་རྒྱལ་ཁབ་གཅིག་གི་འོག་འཆམ་མཐུན་བྱས་ནས་སྡོད་ཀྱི་ཡོད། དེ་ནི་ཧ་ཅང་ངོ་མཚར་སྐྱེ་དགོས་པ་ཞིག་རེད། ངོས་ནས་རྒྱུན་དུ་རྒྱལ་ཁབ་ ༢༨ ལས་གྲུབ་པའི་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་ལ་ཡིད་སྨོན་སྐྱེ་བཞིན་འདུག

ཨ་ཕི་རི་ཀས་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་འཛུགས་ཐུབ་ན་ཡག་པོ་ཡོད། དེ་བཞིན་དུ་ལྷོ་ཨ་མི་རི་ཀའམ་ལེ་ཊིན་ཨ་མི་རི་ཀས་དེ་ལྟར་འཛུགས་ཐུབ་ན་ལེགས།  ཨེ་ཤི་ཡའི་ནང་རྒྱ་གར་དང་། རྒྱ་ནག ཉི་ཧོང་བཅས་ཀྱིས་ཀྱང་སྤྱི་མཐུན་ཚོགས་པ་ཞིག་འཛུགས་ཐུབ་ན། གཞི་ནས་ཞི་བདེ་ངོ་མ་ཞིག་ཡོང་ཐུབ་པ་མ་ཟད། རྒྱལ་སྲུང་བདེ་འཇགས་ཀྱི་ཆེད་དུ་འགྲོ་སོང་ཡང་གཏོང་མི་དགོས།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན། རྒྱ་གར་ནང་སྔ་མོ་ནས་འཚེ་མེད་ཞི་བའི་ལྟ་གྲུབ་དེ་དར་ཡོད། རྒྱ་གར་གྱི་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་འབྲེལ་བའི་ལྟ་གྲུབ་དེ་དག་ཤེས་ཡོན་གྱི་སྡེ་ཚན་དུ་འཇོག་དགོས། རྒྱ་གར་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་བརྒྱུད་འཛམ་བུ་གླིང་ཞི་བདེ་སྐྲུན་རྒྱུའི་ནུས་པ་ཡོད། ངོས་ནས་རྒྱ་གར་གནའ་རབས་ཀྱི་རིག་གནས་བསྐྱར་གསོ་བྱ་རྒྱུར་འབད་རྩོན་བྱེད་ཀྱི་ཡོད།

དེང་རབས་ཅན་གྱི་རྒྱ་གར་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་གཞོན་སྐྱེས་ཚོར་འགན་ཡོད་ཅེས་བཀའ་སློབ་སྩལ་བསྟུན་སློབ་ཕྲུག་དང་མི་མང་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིི་ཐེངས་འདིའི་བྷེང་ལོར་ཁུལ་གྱི་མཛད་རིམ་ཁག་ཡོངས་སུ་བདེ་ལེགས་ངང་གྲུབ་མཚམས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་རྣམས་རེ་ཞིག་ཡོངས་སུ་མཇུག་སྒྲིལ་མཛད་ནས་ཕྱི་ཚེས་ ༢༩ ཉིན་ལྡི་ལིར་ནེ་རུ་གཙུག་ལག་སློབ་གཉེར་ཁང་ Jawaharlal Nehru University དུ་བཀའ་སློབ་སྩལ་རྗེས་དེ་ཉིན་གནས་མཆོག་ཝཱ་རཱ་ཎ་སིར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།


Share with your friends










Submit