ཟླ་བ་ ༡༢ ཚེས ༢༩ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༢༩ རེས་གཟའ་པ་སངས།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༩ ཉིན་གུང་ཆུ་ཚོད་ ༢ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝཱ་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད།

སྐབས་དེར་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་རིགས་དྲུང་ R.K Upadhyay ལགས། སློབ་དཔོན་ཆེན་མོ་རཱམ་ཤངྐར་ཏྲི་པཱ་ཊི་མཆོག་གིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་འཆར་ལྟར་ན་དེ་རིང་༸སྐུ་ངལ་གསོ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༣༠ དང་ ༣༡ བཅས་ཉིན་གཉིས་རིང་སེམས་དང་སེམས་ཀྱི་བྱེད་ལས། ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་རྒྱུ་མ་ཟད།

ཕྱི་ལོ་གསར་པ་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཝཱ་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བརྟེན་ལྔ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit