ཟླ་བ་ ༡༢ ཚེས ༢༥ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ཉི་མ།

 

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་༢༠༡༧ ཟླ་ ༡༢ ཚེས་ ༢༤ རེས་གཟའ་སྤེན་པ་ཉིན་གྱི་ཉིན་གུང་ཚོད་ ༡༢།༠༠ ཡོལ་ཙལ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་ཡོད་པའི་ཝིན་སོར་གསོལ་མགྲོན་ཁང་ ITC Windsor  Hotel  དུ་༸ཞབས་སོར་བདེ་བར་འཁོད་སྐབས། གསོལ་མགྲོན་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Shekhar Sawant  ལགས་དང་། ལྷོ་སྤྱི་སོགས་འབྲེལ་ཡོད་ལས་བྱེད་དང་བོད་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

  དེ་རིང་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༤  རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༠ ཡས་མས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག   Seshadripuram Educational  Trust ཤེས་ཡོན་ཐེབས་རྩ་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཚོགས་པའི་ཏྲི་པུ་ར་ཝ་སི་ནི་ Tripura Vasini  ཚོགས་ཁང་དུ་ཞབས་སོར་འཁོད་སྐབས་ཤེས་ཡོན་ཐབས་རྩ་ཁང་གི་གཙོ་འཛིན་སྐུ་ཞབས་ཀུ་མཱར་  A.S.Kiran  Kumar (chairman ISRO Benglaluru) ལགས་གཙོས་སྤྱི་ཁྱབ་དྲུང་ཆེ་ཀར་ཤི་ན་ Dr.Woody  P.Krishna  ལགས་དང་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས།  དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྣང་གསལ་ཞལ་ཕྱེ་བཀའ་དྲིན་ཆེ་གནང་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ Education for Wisdom and Compassion to Rebuild Nation ཞེས་པའི་བརྗོད་གཞིའི་ཐོག་དགེ་སློབ་དང་སེར་སྐྱ་ཕོ་མོ་༧༠༠༠ བརྒལ་བར་བཀའ་སློབ་ལམ་སྟོན་སྩལ་དོན།

ངོས་ནས་རྒྱུན་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། ངོས་རང་ལ་མཚོན་ནའང་འཛམ་བུ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁྲོད་ནས་གཅིག་ཡིན། ངོས་ནས་ང་ཚོ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་བཞིན་པ་དེས་ཧ་ཅང་ཕན་ཐོགས་འདུག   ངོས་རང་ས་ཕྱོགས་གང་སར་ཕྱིན་ཏེ་མི་སུ་འདྲ་ཞིག་དང་ཐུག་སྐབས་ང་ཚོ་ཚང་མ་སྤུན་མཆེས་ཕོ་མོ་ཡིན་བསམ་དྲན་བཞིན་འདུག

གལ་ཏེ་ངོས་ནས་ངོས་རང་ནང་པ་ཡིན། བོད་པ་ཞིག་ཡིན། ཨེ་ཤི་ཡའི་མི་ཞིག་དང་། ཡང་ན་ཏཱ་བླའི་བླ་མ་ཡིན་ཞེས་བརྗོད་ན་ངོས་ལ་གྲོགས་མེད་ཁེར་རྐྱང་གི་ཚོར་སྣང་ཡོང་བཞིན་འདུག    གལ་ཏེ་ཁྱེ་རང་གིས་ང་གཞན་ལས་དམིགས་བསལ་བ་ཞིག་དང་ཁྱད་པར་བ་ཞིག་རེད། ཅེས་བརྗོད་ཚེ་དེས་ཁྱེད་ལ་སེམས་འཚབ་དང་། འཇིགས་སྣང་སྐྱེ་གཞི་ལྟ་བུ་ཆགས་རྒྱུ་རེད། དེར་བརྟེན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་དགོས།
ང་ཚོ་གཅིག་གིས་གཅིག་ལ་སྤུན་མཆེད་ཕོ་མོར་བརྩི་བ་ཡིན་ན་ཧ་ཅང་ཡག་པོ་ཡོད།   ད་ལྟ་ང་ཚོས་འདིར་ཞི་བདེ་དང་འཆམ་མཐུན། བདེ་སྐྱིད་ངང་འཚོ་བཞིན་ཡོད། འོན་ཀྱང་དུས་ཚོད་འདིའི་སྐབས་སུ་འཛམ་གླིང་གི་ས་ཆ་གཞན་ལ་མི་མང་པོ་ཞིག་འཚེ་བ་དང་བཀྲེས་སྐོམ་ལ་བརྟེན་ནས་འཆི་བཞིན་ཡོད། 

  མིས་བཟོས་པའི་དཀའ་ངལ་འོག་ང་ཚོ་དང་འདྲ་བའི་སྤུན་མཆེད་ཕོ་མོ་མང་པོ་ཞིག་འཆི་བཞིན་ཡོད། དེ་འདྲ་ཡིན་བཞིན་དུ་ང་ཚོས་གོ་མེད་ཚོར་མེད་བྱས་ནས་སྡོད་ཐུབ་རྒྱུ་རེད་དམ།  ལུང་ཚན་དང་། རིགས་རུས། ཆོས་ལུགས་ཀྱི་དབྱེ་འབྱེད་ལ་བརྟེན་ནས་དཀའ་ངལ་དེ་དག་བྱུང་དང་འབྱུང་བཞིན་ཡོད། ད་ཆ་དུས་ཚོད་སླེབས་འདུག  འགྲོ་བ་མིས་བཟོས་པའི་དཀའ་ངལ་དེ་དག་ང་ཚོ་ཚང་མ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་སེལ་དགོས་པ་རེད། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ཀྱང་ང་ཚོ་ཚང་མ་གཅིག་པ་རེད།

སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིགས་མཚུངས་ཡིན།  དེར་བརྟེན་ང་ཚོ་ཚང་མ་ལ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུའི་ཐོབ་ཐང་ཡོད།  ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་སྲོག་ཆགས་ཡིན་སྟབས་གཅིག་ཕན་གཅིག་གྲོགས་བྱེད་དགོས།   གོ་ལའི་ཚ་དྲོད་དང་། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས། མི་འབོར་འཕེལ་རྒྱས་ཀྱི་དཀལ་ངལ་དེ་དག་གཅིག་ལ་གཅིག་བརྟེན་བྱས་ནས་ཡོང་བཞིན་ཡོད།

 ངོས་ཀྱི་མི་ཚེའི་ནང་འགན་ཁུར་དང་པོ་དེ་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་རྣམས་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་ང་ཚོ་མི་རེ་ངོ་རེ་ལ་འགན་ཡོད་པ་རེད།

ངོས་ཀྱི་འགན་གཉིས་པ་ནི་ངོས་རང་ནང་པ་ཞིག་རེད། འཛམ་གླིང་ན་ཆོས་ལུགས་སྣ་ཚོགས་ཡོད། རྒྱ་གར་ལ་མཚོན་ན་ལོ་ངོ་ ༣༠༠༠ ལྷག་ཕྱིན་པའི་ཆོས་ལུགས་ཡོད། ཆོས་ལུགས་དེ་དག་གིས་འགྲོ་བ་མི་རྣམས་ལ་ཕན་ཐོགས་ཆེན་པོ་སྒྲུབ་ཀྱི་ཡོད། སྐབས་རེ་རྙོག་གྲ་ཏོག་ཙམ་ཡོང་གི་ཡོད་ནའང་གཞི་རྩའི་ཆ་ནས་འགྲོ་བ་མི་རྣམས་བྱམས་བརྩེའི་སྒོ་ནས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་བར་ཕན་ཐོགས་སྒྲུབ་ཀྱི་ཡོད།

ཆོས་ལུགས་དེ་དག་གི་ལྟ་གྲུབ་ལ་ཁྱད་པར་ཡོད་ནའང་བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་རྣམས་གཅིག་མཚུངས་ཡིན།  འགྲོ་བ་མིའི་སེམས་ནང་ཞི་བདེ་སྐྲུན་རྒྱུའི་ནུས་པའང་གཅིག་མཚུངས་སུ་ཡོད་པ་ཤོད་ཀྱི་ཡོད།

དེང་སང་འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁྲོད་ནས་མི་དུང་ཕྱུར་གཅིག་ཙམ་གྱིས་ཆོས་ཁས་མ་ལེན་མཁན་རེད། མི་དུང་ཕྱུར་དྲུག་ཡོད་ཁོངས་ནས་ཀྱང་མང་པོ་ཞིག་ཆགས་སྡང་གི་འོག་ལ་འགྲོ་གི་ཡོད། རྒྱ་གར་འཕགས་པའི་ཡུལ་འདིར་ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་རིང་ལ་ཆོས་བརྒྱུད་མང་པོ་ཡོད་པ་དེ་དག་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་བགྲོ་གླེང་དང་རྩོད་པ་ཡོང་གི་ཡོད། འོན་ཀྱང་གཞི་རྩའི་ཆ་ནས་གཅིག་གིས་གཅིག་ལ་གུས་བརྩི་དང་མཐོང་ཡོད་པའི་ཐོག་ནས་འགྲོ་གི་ཡོད།   

རྒྱ་གར་འཕགས་པའི་ཡུལ་འདིར་དུས་ད་ལྟ་ཡིན་ནའང་ཆོས་ལུགས་རིས་སུ་མ་ཆད་པ་ཚང་མ་གཅིག་གིས་གཅིག་ལ་བརྩི་འཇོག་དང་གུས་བཀུར་ཡོད་པའི་ཐོག་ནས་མཉམ་དུ་འགྲོ་གི་ཡོད། དེ་འདྲའི་ཆོས་ལུགས་མཐུན་སྒྲིལ་ཡོད་པ་དེས་འཛམ་བུ་གླིང་སྤྱི་ལ་མིག་དཔེ་སྟོན་ས་ཞིག་ཆགས་འདུག དེ་ནི་རྒྱ་གར་གྱི་གཅེས་ནོར་རེད། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ངོས་ཀྱི་འགན་ཁུར་གཉིས་པ་རེད།

གསུམ་པ་དེ། ངོས་རང་བོད་པ་ཞིག་རེད། གཞིས་བྱེས་བོད་མི་ས་ཡ་དྲུག་གིས་ངོས་ལ་ཡིད་ཆེས་དང་དད་པ། རེ་བ་ཆེན་པོ་རྒྱག་བྱེད་བཞིན་ཡོད། དེར་བརྟེན་ངོས་ལ་འགན་ཡོད་པ་རེད། ཆབ་སྲིད་ཀྱི་འགན་དེ་ཕྱི་ལོ་ ༢༠༠༡ ལོར་ངོས་རང་ཕྱེད་རྒན་ཡོལ་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོར་རྒན་ཡོལ་ཆ་ཚང་ཞུས་པ་ཡིན།  ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་༸རྒྱལ་དབང་རིམ་བྱོན་རྣམས་ཀྱིས་བོད་ཀྱི་ལུགས་གཉིས་ཀྱི་དབུ་ཁྲིད་གནང་སྲོལ་ཡོད་པ་དེ་ངོས་ཀྱིས་དགའ་ཞིང་སྤྲོ་ཞིང་ལམ་ལུགས་དེ་མཇུག་བསྡུས་པ་རེད།

ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དེ་འཁྱེར་མི་དགོས་པ་བཟོས་པ་ཡིན། ངོས་ཀྱིས་དེ་མང་གཙོ་གོང་མཐོར་གཏོང་བར་ཞབས་འདེགས་ཞུས་ཡོད་པ་བསམས།

དེ་ནས་བོད་ཀྱི་ཁོར་ཡུག་ལ་མཚོན་ན་ལོ་ཁ་ཤས་གོང་ལ་རྒྱ་རིགས་ཁོར་ཡུག་མཁས་པ་ཞིག་གིས་བོད་ཀྱི་ཁོར་

ཡུག་སྐོར་ལ་རྩོམ་ཡིག་གཅིག་སྤེལ་འདུག  བོད་ཀྱི་ས་མཐོའི་བྱེ་ཐང་དེ་འཛམ་གླིང་གི་ལྷོ་བྱང་གཉིས་ཀྱི་ཚ་དྲོད་ལ་འབྲེལ་བ་ཡོད་སྟབས། ཁོང་གིས་བོད་ཀྱི་ས་མཐོའི་བྱེ་ཐང་དེ་འཛམ་གླིང་གི་བྱང་སྣེ་གསུམ་པ་རེད། ཅེས་བྲིས་འདུག  དེར་བརྟེན་བོད་ཀྱི་ཁོར་ཡུག་གཙང་མ་ཉར་རྒྱུ་དེ་བོད་མི་གཅིག་པོའི་འགན་མིན། བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་སྤྱི་ལ་འབྲེལ་བ་ཡོད་པ་ཞིག་རེད་འདུག བོད་ཀྱི་ཡར་ཀླུངས་གཙང་པོ་དང་། རྨ་ཆུ། འབྲི་ཆུ་སོགས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་ཆགས་འདུག

དེར་བརྟེན་བོད་ཀྱི་ཁོར་ཡུག་བདག་གཅེས་བྱ་རྒྱུར་ངོས་ཀྱིས་ཤུགས་རྒྱག་བཞིན་ཡོད།  བོད་ཀྱི་སྐད་ཡིག་དེ་ནཱ་ལེནྡཱའི་ཆོས་བརྒྱུད་ཆ་ལག་ཚང་བ་ཞིག་འགྲེལ་བཤད་རྒྱག་དགོས་ན་བོད་ཡིག་ནང་བཞིན་འཛམ་གླིང་ནང་འགྲེལ་བཤད་དེ་ཙམ་ཞིབ་ཚགས་པོའི་ཐོག་ནས་རྒྱག་ཐུབ་མཁན་ཧ་ལམ་མེད།  དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་དྲངས་ཏེ་ནཱ་ལེནྡཱའི་ཆོས་བརྒྱུད་བོད་དུ་ངོ་སྤྲོད་ཞུས་གནང་བ་རེད།

ངོས་ཀྱི་འགན་བཞི་པ་ནི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་སླར་གསོ་བྱ་རྒྱུ་དེ་ཡིན། ལོ་ངོ་ ༣༠ ལྷག་གི་རིང་ལ་ངོས་ནས་ཚན་རིག་པ་དང་མཉམ་དུ་འཇིག་རྟེན་ཆགས་རིམ་དང་། ཚད་རྡུལ་དངོས་ཁམས་རིག་པ་ quantum physics  དང་།  དབང་རྩའི་ཚན་རིག neurology  སེམས་མཁན་རིག་པ་ psychology བཅས་ཀྱི་སྐོར་གོ་བསྡུར་བྱས་པ་ཡིན།

ནཱ་ལེནྡཱའི་ཆོས་བརྒྱུད་ནང་དེ་དག་གི་སྐོར་ཞིབ་ཕྲ་གསུངས་ཡོད།  ཚན་རིག་པ་ཚོས་དེ་ཚོའི་སྐོར་ཧ་ཅང་གི་དོ་སྣང་དང་དགའ་པོ་བྱེད་ཀྱི་འདུག  རྒྱ་གར་ནི་ང་ཚོའི་བླ་མ་དང་ང་ཚོ་རྒྱ་གར་གྱི་སློབ་མ་རེད། འོན་ཀྱང་བློས་འགེལ་ཆོག་པའི་སློབ་མ་རེད།  ང་ཚོས་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་ཉར་ཚགས་བྱས་ཐུབ་ཡོད། རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་དེ་དག་དེང་སང་གི་དུས་འདིར་ཧ་ཅང་གི་འབྲེལ་བ་ཡོད་པ་ཞིག་ཡིན།

དེང་སང་མི་མང་བོ་ཞིག་ལ་སེམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། ནཱ་ལེནྡཱའི་རིག་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་བརྒྱུད་ནས་ནང་སེམས་ཀྱི་དཀའ་ངལ་དེ་དག་སེལ་ཐུབ་ཀྱི་ཡོད་པ་རེད། ནཱ་ལེནྡཱའི་སེམས་ཁམས་རིག་པ་དེ་དག་ཤེས་ཡོན་གྱི་སློབ་ཚན་ཞིག་ལ་བརྩི་དགོས། དེང་གི་དུས་འདིར་ནང་སེམས་ཀྱི་འཕྲོད་བསྟེན་ཧ་ཅང་གལ་ཆེན་ཡིན། ལུས་སེམས་བདེ་བ་ཞིག་ཡོང་དགོས་ན་རྒྱ་གར་གྱིས་དེང་དུས་ཀྱི་སློབ་སྦྱོང་དང་འབྲེལ་རང་གི་གནའ་རབས་ཀྱི་ལེགས་བཤད་དེ་དག་བསྐྱར་གསོ་བྱེད་དགོས།

དེང་དུས་ཀྱི་སློབ་སྦྱོང་དེ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་སྟབས་དེང་རབས་སློབ་སྦྱོང་གཅིག་པུས་འགྲོ་བ་མིའི་དཀའ་ངལ་སེལ་བར་འདང་གི་མེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་སློབ་ཕྲུག་དང་མི་མང་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ། མཐར་སྐུ་ཞབས་ Dr. S.N.Venkatesh ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།

Share with your friends










Submit