ཟླ་བ་ ༡༢ ཚེས ༡༧ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཉི་མ།

 

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༦ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིའི་འདུ་ཁང་ནང་༸ཞབས་སོར་བཀའ་དྲིན་སྐྱོང་སྐབས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག

རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག གདན་ས་ཆེན་པོ་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་སོགས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་གྲུབ་མཚམས་སེར་སྐྱ་མང་ཚོགས་ ༧༠༠༠ བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ལྗགས་ལུང་སྩལ།

དེ་ཡང་ཐོག་མར་བཀའ་སློབ་འདི་ལྟར་སྩལ་དོན།  ཁ་སང་ཐོག་མའི་འཆར་གཞི་གཞིར་བཟུང་བྱས་ན་ཏོག་ཙམ་འཁྲུགས་པ་རེད། ངོས་ལ་ཆམ་པ་སྡུག་ཆགས་ཤིག་ཕོག་སྟེ་ཧ་ཅང་ཐང་ཆད་བྱུང་།  དེར་བརྟེན་ཐོག་མའི་འཆར་གཞི་ལྟར་འགྲོ་མ་ཐུབ་པ་རེད།

ཁ་སང་འབྲས་སྤུངས་ལ་བསྙེན་རྫོགས་སྒྲུབ་སྐབས་ཧ་ཅང་ཐང་ཆད་སྟབས་འདིར་བསྙེན་རྫོགས་སྒྲུབ་མ་དགོས་པ་བྱས་པ་ཡིན། དེའི་ཚབ་ཏུ་ལམ་གཙོ་རྣམ་གསུམ་འདོན་ན་བསམས་པ་རེད། ལམ་གཙོ་རྣམ་གསུམ་འདི་ཉིད་འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པས་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པ་ཞིག་རེད།
ཉིན་གཉིས་རིང་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན། ཁ་སང་ཁས་ཉིན་ཐང་ཧ་ཅང་ཆད་བྱུང་། དེ་རིང་སྣང་དག་མི་འདུག དགའ་ལྡན་དགོན་པ་འདི་༸རྗེ་རིན་པོ་ཆེའི་མ་དགོན་ཆགས་ཡོད།  ཤར་གངས་རི་མའི་ནང་ཐམས་ཅད་མཁྱེན་པ་༸རྗེ་དགེ་འདུན་གྲུབ་པས། ཤར་གངས་རི་དཀར་པོའི་རྩེ་མོ་ན། །སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ། །ཞེས་གསུངས་པ་༸རྗེ་རིན་པོ་ཆེ་སྤྱིར་སངས་རྒྱས་ཀྱི་བསྟན་པར་བྱ་བ་མཛད་མཁན་རླབས་ཆེ་ཤོས་ཤིག་ཆགས་ཡོད། 

ཡང་སྒོས་བོད་གངས་ཅན་ལྗོངས་ཁྱོན་ཡོངས་ལ་འཇམ་མགོན་བླ་མ་ཙོང་ཁ་པའི་ལེགས་བཤད་ཀྱིས་ཁྱབ་ཡོད་པ་མ་ཟད། དེ་རིང་ཁ་སང་ནང་པ་མིན་པའི་རིག་པ་སྨྲ་བ་ཚོས་ཀྱང་༸རྗེ་རིན་པོ་ཆེས་མཛད་པའི་གཞུང་དེ་དག་ལ་མངོན་པར་བསྟོད་གྱི་ཡོད།

སྔོན་མ་ངོས་རང་ཐེངས་གཅིག་ཉི་ཧོང་ལ་བསླེབས་སྐབས་ཉི་ཧོང་གི་ནང་ཆོས་མཁས་པ་ཞིག་དང་མཉམ་རྗེ་རིན་པོ་ཆེའི་སྐོར་ལ་འཕྲོས་བཤད་བྱུང་མ་ཐག་ཁོང་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་རྗེ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་རེད་ཟེར། དེར་བརྟེན་ཞེན་ཁོག་གི་སྐད་ཆ་མ་ཡིན་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དེ་དག་ལ་ང་ཚོས་བལྟས་ན་༸འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་གང་འདྲ་ཡོད་མིན་ཁོང་གི་གསུང་དེ་དག་ཐོག་ནས་ཤེས་ཐུབ།

དེར་བརྟེན་༸རྗེ་བདག་ཉིད་ཆེན་པོས་གཞིས་སུ་བཙུགས་པའི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཟེར་བ་དེ་འདི་རེད། དེ་རིང་འདིར་འཁྱུག་ཙམ་རིང་བཅར་ནས་ལམ་གཙོ་རྣམ་གསུམ་འདོན་ན་བསམས་པ་རེད། ནམ་རྒྱུན་ང་ཚོས་མཁའ་མཉམ་མ་འདོན་སྐབས། རིག་གནས་ཀུན་ལ་ཀུན་མཁྱེན་ལོ་ཙྭ་བ། །བློ་གྲོས་མཁའ་ལྟར་ཡངས་པའི་རེ་མདའ་བ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཙོང་ཁ་པ། །མཚུངས་མེད་བླ་མ་གསུམ་གྱི་བཀྲ་ཤིས་ཤོག །ཅེས་པ་དེ་སུས་གསུངས་མིན་སྐོར་ངོས་རང་རྡ་སར་ཡོད་སྐབས་ཤིག་ལ་ལུང་དེ་དྲངས་ནས་སྐད་ཆ་དྲིས་པ་ཡིན། སུ་གཅིག་གིས་ཤེས་མཁན་མི་འདུག ཚིགས་བཅད་དེ་སུས་གསུངས་པ་རེད། ཁྱེད་རང་ཚོས་ཤེས་མཁན་ཡོད་དམ། ཟམ་གདོང་རིན་པོ་ཆེ་ལའང་དེ་སུས་གསུང་མིན་སྐོར་དྲིས་པ་ཡིན། ཁོང་གིས་ཤེས་ཀྱི་མེད་ཟེར།  དེར་བརྟེན་སྐབས་རེ་ང་ཚོས་གཞུང་དེའི་རིགས་སུས་གསུངས་མིན་སྐོར་ཞིབ་འཇུག་ཏོག་ཙམ་ཉུང་དྲགས་པའི་སྐྱོན་རེད་བསམས། གང་ལྟར་གཞུང་དེའི་དོན་དག་དངོས་གནས་རྒྱུ་མཚན་ལྡན་པ་རེད།

ང་ཚོ་བཙན་བྱོལ་བ་ཆགས་ཏེ་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་རེད། འོན་ཀྱང་མཆོད་རྟེན་མགོ་མཇུག་ལོག་ནའང་བར་རིམ་རྒྱས་པ། ཞེས་བཤད་སྲོལ་ཡོད་པ་ནང་བཞིན། ང་ཚོ་བཙན་བྱོལ་བ་ཆགས་ཏེ་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་ཡིན་ནའང་གཞི་མེད་སར་གཞི་གསར་པ་ཚུགས། དེའི་སྟེང་མི་ཐོག་མང་པོ་ཞིག་དང་། གཙོ་ཆེ་ཤོས་མཁན་ཆེན་ཞི་བ་འཚོས་རྒྱ་གར་ནས་བོད་དུ་ངོ་སྤྲོད་གནང་བའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འདི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ཆེན་གཟིགས་མཁན་ཚང་མ་གཅིག་གྱུར་ཆགས་ཀྱི་ཡོད། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བཤད་གྲྭ་ཁག་གིས་གཞུང་ཆེན་གཟིགས་ཀྱི་ཡོད།

དེའི་ནང་ནས་ཚད་མའི་གཞུང་དེ་དག་བོད་གཅིར་པུར་མ་གཏོགས་པ་ལིའི་ཆོས་བརྒྱུད་དེ་དག་ལ་མེད་པ་མ་ཟད། རྒྱ་ནག་ཤེར་ཕྱིན་གྱི་གཞུང་ལ་རྗེས་སུ་འབྲང་མཁན་གཅིག་པ་ཡིན་ནའང་ཚད་མའི་གཞུང་དེ་དག་ཕལ་ཆེར་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ། མདོར་ན། རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ། འཕྲོད་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ཟེར་རྒྱུ་འདི་རྒྱ་ཡིག་ནང་ཕལ་ཆེར་བསྒྱུར་ཡོད་ས་མ་རེད། སློབ་དཔོན་ཕྱོགས་གླང་གི་རིགས་དགུ་ཚིག་བཅད་དང་ཚིག་ལྷུག་གཉིས་ཡོད་པའི་ནང་ནས་ཚིག་ལྷུག་རྒྱ་ཡིག་ནང་བསྒྱུར་ཡོད་པའི་སྐད་ཆ་འདུག དེར་དམིགས་བསལ་ཞིབ་འཇུག་བྱས་ནས་ཞིབ་ཚགས་པོ་བྱེད་རྒྱུ་གང་ཡང་བྱུང་མ་སོང་སྟེ། གང་ལྟར་འདི་ལྟར་རེད་འདུག

ཚད་མའི་གཞུང་བདག་པོ་རྒྱག་མཁན་བོད་པ་གཅིག་པུ་རེད་འདུག ས་ཆེན་གོང་མ་རྣམ་ལྔ་ཞེས། ས་ཆེན་ཀུན་དགའ་སྙིང་པོ་དང་། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བཅས་ས་ཆེན་ཡབ་སྲས་ལྔ་དེ་དག་ནས་མར་བརྒྱུད་པའི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཚད་མའི་ཐོག་ཐུགས་སྣང་ཧ་ཅང་གནང་འདུག ཁོང་གིས་རང་རྩོམ་ཚད་མ་རིག་གཏེར་མཛད་ཡོད། དེ་ལྟར་བོད་ལ་ཕལ་ཆེར་ས་སྐྱ་ནས་ཚད་མའི་སྐོར་ཐུགས་སྣང་ཆེན་པོ་བྱུང་ཡོད་ས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་ཡོངས་སུ་གྲུབ་པ་དང་སྦྲགས།  སྤྱི་ནོར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གི་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་གྱི་མཛད་རིམ་ཁག་རེ་ཞིག་ཡོངས་སུ་མཇུག་སྒྲིལ་མཛད་ཡོད་པ་བཅས།།

Share with your friends










Submit