ཟླ་བ་ ༡༢ ཚེས ༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་ Barack Obama རྣམ་གཉིས་རྒྱ་གར་རྒྱལ་ས་ལྡི་ལི་ ITC Maurya མོརྱ་གསོལ་མགྲོན་ཁང་དུ་མཇལ་འཕྲད་མཛད་འདུག

དེ་ཡང་གོང་ཚེས་ཉིན་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་སྔ་དྲོ་ཆུ་ཚོད་ ༧ །༡༥ ཙམ་ལ་ག་གྷལ་གནམ་ཐང་ནས་ལྡི་ལིར་མཁའ་ལམ་བརྒྱུད་ཆིབས་སྒྱུར་བསྐྱངས་ཏེ་ལྡི་ལི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་། རྒྱ་གར་དང་ཤར་ཨེ་ཤི་ཡའི་འབྲེལ་མཐུད་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་ ITC Maurya མོརྱ་གསོལ་མགྲོན་ཁང་དུ་གདན་འདྲེན་ཞུས་འདུག  གསོལ་མགྲོན་ཁང་དུ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་མཛད་སྐབས་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་དབུ་ཁྲིད་རྣམ་གཉིས་དབར་འཛམ་གླིང་ཞི་བདེ་གོང་འཕེལ་གཏོང་ཕྱོགས་དང་།  འཛམ་གླིང་ནང་གི་དཀའ་རྙོག་དེ་དག་འཚེ་མེད་ཞི་བ་གྲོས་མོལ་བརྒྱུད་ནས་ཇི་ལྟར་སེལ་དགོས་མིན་དང་།  དེང་འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་གྱིས་མཚོན་འཚེ་བའི་ལས་འགུལ་ཕྱོགས་བཅུར་རྡོལ་བཞིན་པའི་སྐབས་འདིར་བྱམས་བརྩེ་གོང་འཕེལ་བརྒྱུད་ཞི་བདེ་བརྟན་ལྷིང་ལྡན་པའི་འཛམ་གླིང་ཞིག་ཇི་ལྟར་བསྐྲུན་དགོས་མིན་སོགས་ཀྱི་ཐད་སྐར་མ་ ༤༥ ཙམ་རིང་བཀའ་བསྡུར་མཛད་འདུག  ༸གོང་ས་མཆོག་གིས་སྐབས་དེར་སྤྱིར་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་ཡང་དེང་དུས་ཤེས་ཡོན་སྤྲོད་སྟངས་ལམ་ལུགས་དེའི་ནང་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་ཁོ་ནར་དམིགས་པ་མ་གཏོགས་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་དོ་སྣང་མ་བྱས་པར་བརྟེན་ནས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད་པ་དང་།

ད་བར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྷན་ཚོགས་ཐེངས་གཉིས་ཙམ་ཚོགས་ནས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་རྩ་མེད་ཇི་ལྟར་བཟོ་དགོས་པའི་ཐོག་གོ་བསྡུར་བྱུང་ཡོད་སྐོར་ཐུགས་དྲན་གསོ་མཛད་པ་དང་སྦྲགས།  ད་ཆ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབ་ཡོད་སྐོར་དང་།

མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་རིག་གཞུང་རྙིང་པ་དེ་དག་བར་ལམ་ནས་རྒྱ་གར་རང་གི་ནང་ཉམས་ཆག་ཕྱིན་ཡོད་སྟབས་རིག་གཞུང་དེ་དག་བསྐྱར་གསོ་མཛད་པ་བརྒྱུད་མིའི་བསམ་བློ་གཏོང་སྟངས་ལ་ཕྲན་བུ་འགྱུར་བ་གཏང་སྟེ་ཞབས་འདེགས་ཞུ་ཐབས་མཛད་བཞིན་ཡོད་སྐོར་དང་།   སྲིད་འཛིན་ཟུར་པ་ཁོང་ལྟ་བུར་མཚོན་ནའང་ཨ་རི་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་གཅིག་གི་སྲིད་འཛིན་ཙམ་མིན་པར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་ཁར་འཛམ་གླིང་སྤྱིའི་བདེ་དོན་ཆེད་དགོངས་པ་རྒྱ་ཆེན་པོ་བཞེས་མཁན་ཞིག་ཡིན་པ་དང་། ད་ལྟ་དགུང་ནའི་བབ་ཀྱི་ཆ་ནས་ཀྱང་དེ་ཙམ་མཐོན་པོར་སོན་མེད་སྟབས་ཚང་མས་མཉམ་རུབ་མཛད་དགོས་གལ་དང་།  དེ་ལྟ་བུའི་འཛམ་གླིང་འཆམ་མཐུན་དང་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་༸གོང་ས་མཆོག་གི་༸སྐུ་འཚོ་བཞུགས་རིང་བསྐྲུན་མ་ཐུབ་ཀྱང་སྲིད་འཛིན་ཟུར་པ་ཁོང་གི་སྐུ་དུས་སུ་ཡོང་ཐུབ་པའི་ཐུགས་རེ་མཛད་བཞིན་པ་དང་།  ཅི་སྟེ་སྲིད་འཛིན་ཟུར་པ་ཁོང་གི་སྐུ་དུས་སུ་མ་བྱུང་ཡང་མི་རབས་རྗེས་མའི་སྐབས་ཡོང་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་བསྡུར་མཛད་འདུག

མཇལ་འཕྲད་གྲུབ་བསྟུན་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ལྡི་ལི་གནམ་ཐང་ནས་བཞུགས་སྒར་དུ་ཆིབས་༸ཞལ་བསྒྱུར་ནས་ཉིན་གུང་ཆུ་ཚོད་ ༡༢།༤༠ ཙམ་ལ་རྡ་སར་༸ཞབས་སོར་འཁོད་གནང་མཛད་འདུག

སྤྱིར་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་གིས་ཕྱི་ལོ་ ༢༠༠༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐོག་མ་ཞུས་ཡོད་པ་དང་། སྐབས་དེར་ཁོང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་ཞིང་། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་ཡིན་འདུག

ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་དབར་མཇལ་འཕྲད་ཐེངས་ ༦ མཛད་པའི་དུས་ཚིགས་གཤམ་གསལ།

ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༩ (གྲོས་ཚོགས་གོང་མའི་འཐུས་མི་ཡིན་སྐབས་)

ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ (སྲིད་འཛིན་ལས་ཐོག)
ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ (སྲིད་འཛིན་ལས་ཐོག)
ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ (སྲིད་འཛིན་ལས་ཐོག)
ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ (སྲིད་འཛིན་ལས་ཐོག)

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡ (སྲིད་འཛིན་ཟུར་པ)

ཐེངས་འདིའི་མཇལ་འཕྲད་འདི་ནི་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་ཨ་རིའི་སྲིད་འཛིན་ལས་འགན་ནས་འཁྱུར་རྗེས་༸གོང་ས་མཆོག་དང་མཇལ་འཕྲད་ཐོག་མ་ཆགས་པ་དང་།   ད་བར་༸གོང་ས་མཆོག་དང་མཇལ་འཕྲད་སྔ་ཕྱི་བསྡོམས་ཐེངས་ ༦ ཆགས་འདུག

དེ་ཡང་སྲིད་འཛིན་ཟུར་པ་ཁོང་ནི་༸གོང་ས་མཆོག་ལ་བརྩི་བཀུར་ཧ་ཅང་ཞུ་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་གནད་དོན་གསལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན།   དེ་ཡང་ཁོང་དེ་སྔ་ཨ་རིའི་སྲིད་འཛིན་ལས་ཐོག་སྐབས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ནམ་ཞུ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་གསལ་འདོན་གནང་བ་དང་སྦྲགས།  རྒྱ་ནག་གཞུང་གིས་སྲིད་བྱུས་དེ་གཞི་རྩར་འཛིན་ནས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཞུ་དགོས་པའི་རེ་འདུན་ཡང་ཤུགས་ཆེ་བཏོན་མྱོང་ཡོད།

སྤྱིར་ཕྱི་ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཟུར་པ་ཁོང་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་  Xi Jinping དང་ཐུག་འཕྲད་གནང་རྗེས་རྒྱ་གར་དུ་ཁ་སང་མཚན་མོ་ཕེབས་འབྱོར་བྱུང་འདུག  ཐེངས་འདིར་རྒྱ་གར་རྒྱལ་ས་ལྡི་ལིར་སྐུ་ཞབས་ཨོ་བྷ་མ་མཆོག་གིས་འགོ་ཁྲིད་ཟབ་སྦྱོང་ཐོག་གསུང་བཤད་གནང་རྒྱུ་མ་ཟད།  རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནརེནྡྲ་མོ་དི་ Prime Minister Narendra Modi མཆོག་དང་ཡང་མཇལ་འཕྲད་གནང་གཏན་འཁེལ་འདུག   གཞན་ཡང་རྒྱ་གར་ནང་རྟེན་གཞི་བྱས་པའི་ཨོ་བྷ་མ་ཐེབས་རྩ་ཁང་  Obama Foundation གི་གོ་སྒྲིག་འོག་གཞོན་སྐྱེས་ཁག་གཅིག་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག  སྤྱིར་ཐེངས་འདིར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྒྱ་ནག་ Chinaདང་རྒྱ་གར། India དེ་བཞིན་ཕ་རན་སི་ France བཅས་ནང་འཚམས་གཟིགས་ཕེབས་མུས་ཡིན་འདུག་པ་བཅས།།

Share with your friends










Submit