ཟླ་བ་ ༡༡ ཚེས ༢༢ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་རྒྱབ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཊོ་རོན་ཊོར་བོད་མི་གཞོན་སྐྱེས་ཁག་གཅིག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཉིན་རེའི་ལས་དོན་གནང་ཕྱོགས་དང་།  དབུས་མའི་ལམ་གྱི་སྲིད་བྱུས།  བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཚགས་ཚུད་ཐོག་ནས་ཤེས་ཡོན་ཡར་རྒྱས་ཆེད་བཀའ་ཤག་གིས་འབད་བརྩོན་ཇི་ཙམ་གནང་བཞིན་པ།  དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དགོས་གལ་དང་།   བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས།  བོད་མིའི་འཐབ་རྩོད་ཀྱི་མདུན་ལམ།   དེ་བཞིན་དུས་རབས་ ༢༡ ནང་བོད་ཀྱི་ཁོར་ཡུག་དང་རིག་གཞུང་།  ཆབ་སྲིད་ཐོག་གདོང་ལེན་བྱེད་དགོས་པའི་གནས་སྟངས་བཅས་ཀྱི་སྐོར་གསུངས།

དེ་ཡང་བོད་དང་བོད་མིའི་མདུན་ལམ་སྲ་བརྟན་ཡོང་སླད་བཀའ་ཤག་གི་ལས་འགན་དང་ལྷག་པར་བོད་མི་གཞོན་སྐྱེས་རྣམས་ལ་ལས་འགན་ཇི་ཡོད།   བཀའ་ཤག་སྐབས་  ༡༥ ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་གསུང་སྐབས་ལྔ་དང་ལྔ་བཅུའི་འཆར་སྣང་འོག་འབྱུང་འགྱུར་བོད་མིའི་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་ཡོང་སླད་ཕན་ཐོགས་ཡོང་ངེས་པ་ནི།  ལོ་ལྔའི་ནང་ཚུད་ལ་ང་ཚོས་རེ་བ་རྒྱག་ས་དེ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་རྒྱུ་དང་།   ཅི་སྟེ་ལོ་ལྔའི་ནང་དེ་ལྟར་མ་བྱུང་ནའང་འབྱུང་འགྱུར་ལོ་ལྔ་བཅུའི་ནང་རྒྱ་ནག་ནང་རིམ་བཞིན་བཟང་ཕྱོགས་ཀྱི་འགྱུར་བ་ཏན་ཏན་འགྲོ་ངེས་ཡིན་སྟབས།

དུས་སྐབས་དེར་ང་ཚོས་ཇི་འདྲ་བྱས་ནས་བོད་མིའི་མངོན་འདོད་བསྒྲུབ་ཐུབ་བྱ་རྒྱུའི་ཐད་ད་ལྟ་ནས་བསམ་བློ་བཏང་འཆར་གཞི་བང་སྒྲིག་ནས་འགྲོ་དགོས་པ་རེད།   བོད་མི་གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་ཞབས་ཞུ་ཚན་པ་  Tibet Corps བརྒྱུད་ནས་ཞབས་འདེགས་ཞུ་རྒྱུར་འབད་བརྩོན་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག

མཐའ་དོན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ང་ཚོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་འཛམ་གླིང་ནང་ཕྱི་གསལ་ནང་གསལ་དང་མང་གཙོ་ཚད་མཐོ་ཤོས་ཤིག་ཡིན་པ་དང་། སྤྱི་འཐུས་ཚོས་གྲོས་ཚོགས་ར་བའི་ནང་དྲི་བའི་རིགས་གང་ཡིན་ཡང་ཕན་ཚུན་དབར་དགོད་ཆོག    ང་ཚོའི་མི་རབས་གོང་མ་ཚོས་སྐུ་ལས་ཧ་ཅང་བསྐྱོན་པར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལྟ་བུ་ཚགས་ཚུད་བྱུང་ཐུབ་ཡོད།  འོན་ཀྱང་ང་ཚོ་མི་རབས་གསར་པ་ཚོས་མི་རབས་རྒན་པ་ཚོའི་ལས་དོན་དེ་དག་མཇུག་སྐྱོང་བྱ་རྒྱུའི་འགན་ཞིག་ཡོད། ཅེས་གསུངས་པ་དང་སྦྲགས། དྲི་བ་རྣམས་ལ་ལན་འདེབས་གནང་ཡོད་པ་བཅས།།

Share with your friends










Submit