མདུན་ཤོག » Flash Mobile » གསར་གནས། »

སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་བྱང་ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བ་དེ་ནི་བཀའ་ཤག་སྤྱི་མོས་ཀྱི་ཐག་གཅོད་ཡིན་སྐོར་གསུངས།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་དགོས་པའི་རྒྱབ་ལྗོངས་གནས་སྟངས་ཇི་ཡིན་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་དོན།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་ཐོག་བོད་མིའི་སྤྱི་ཚོགས་ཁྲོད་ལབ་གླེང་ཕྲན་བུ་ཡོང་བཞིན་ཡོད་སྟབས་དེ་རིང་ངས་རྒྱབ་ལྗོངས་གནད་དོན་གཙོ་བོ་ཁ་ཤས་ཐོག་འབྲེལ་བཤད་ཞུས་པ་བརྒྱུད་གནས་ཚུལ་གསལ་པོ་ཆགས་པའི་རེ་བ་ཡོད།

བྱང་ཨ་རི་སྐུ་ཚབ་དོན་གཅོད་ད་ལམ་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དོན་གཅོད་ལས་ཐོག་ཁོང་གིས་དོན་གཅོད་ཀྱི་ལས་འགན་འཁྱེར་བ་ནས་བཟུང་ལོ་འདིའི་ཕྱི་ཟླ་ ༧ ཟླ་མཇུག་ཙམ་བར་ཏེ་ཟླ་བ་ ༡༡ ཙམ་ལས་མ་འཁོར་བའི་རིང་དེར་ཕྱག་ལས་གནང་ཕྱོགས་ཐོག་ལ་བཀའ་ཤག་གིས་ཁོང་ལ་ཐུགས་འཚབ་དང་བཅས་བླང་དོར་བརྡ་སྟོན་གྱི་ཕྱག་བྲིས་ཐེངས་གསུམ་གནང་དགོས་བྱུང་ཡོད།  ༼ཕྱག་བྲིས་དང་པོ་གཉིས་ཕྱི་དྲིལ་ལས་ཁུངས་བརྒྱུད་ནས་དང་། གསུམ་པ་དེ་བཀའ་དྲུང་ཡིག་ཚང་བརྒྱུད།༽

ཕྱག་བྲིས་གསུམ་པ་དེ་ཕྱི་ཟླ་ ༧ ཟླ་མཇུག་ཙམ་ལ་གནང་ཡོད་པས་ད་བར་ཟླ་བ་གསུམ་ལྷག་ཙམ་སོང་ཡོད་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར་གནས་ཡོད་པའི་ཐོག་ལ་བཀའ་ཤག་ནང་བཀའ་བསྡུར་རིམ་པ་གནང་བའི་མཐར་ཁོང་གི་ལས་འགན་འཕོ་འགྱུར་གཏོང་རྒྱུར་བཀའ་ཤག་ནས་སྤྱི་མོས་ཀྱིས་ཐག་གཅོད་གནང་ཡོད།

གལ་འགངས་ཤིན་ཏུ་ཆེ་བའི་སྤྱི་པའི་ལས་དོན་ཞིག་ཐོག་འཐུས་ཤོར་འགྲོ་གཞི་ཡོད་པ་དང་། སྒྲིག་འཛུགས་ཀྱི་འགན་འཛིན་སྤྱི་ཁྱབ་བཀའ་ཤག་ཐུགས་བློ་མ་ཁེངས་པའི་གནས་སྟངས་རིགས་ལྷག་སྐབས། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་འཕོ་འགྱུར་གཏོང་ཆོག་པ་ནི་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་མ་ཟད། བཀའ་ཤག་ནས་དེ་ལྟར་གནང་ཆོག་པའི་འགན་དབང་ཆ་ཚང་ཡོད་པ་དང་། དེ་ལྟར་གནང་རྒྱུའི་ལམ་སྲོལ་རྒྱུན་ཆགས་ཀྱང་ཡོད་པ་ཞིག་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་བསྟར་བརྒྱུད་རིམ་གང་གི་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན།

སྐུ་ཚབ་སྤེན་པ་ཚེ་རིང་མཆོག་ནས་དེ་སྔ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་ཕྱོགས་ལ་ང་ཚོས་ངོས་འཛིན་ཞུས་དང་ཞུ་བཞིན་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ནས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་འགན་འཁུར་གནང་ཕྱོགས་དེ་དག་དང་མཚུངས་པ་ཞིག་དང་ང་ཚོའི་འདོད་པ་ཁེངས་པ་ཞིག་བྱུང་མ་སོང་། ཡིན་ནའང་། ཁོང་རང་གི་མ་འོངས་པར་གནང་སྒོ་གང་ཡོད་རྣམས་གེགས་མེད་ལམ་ལྷོངས་ཡོང་བའི་རེ་བ་ཞུ་གི་ཡོད།

ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་བཞག་གནང་བའི་ཐག་གཅོད་དེར་འགྱུར་བ་གང་ཡང་མེད། ཁོང་ནས་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་རྣམས་འཐུས་ཚང་ལེགས་སྒྲུབ་ཐུབ་པར་བཀའ་ཤག་དང་བཀའ་བློན་ཕྱག་རོགས་ཚོར་ཡིད་ཆེས་དང་གདེང་ཚོད་ཆེན་པོ་ཡོད། བྱང་ཨ་རིར་གནས་བཞུགས་རང་རིགས་ཡོངས་ནས་ཀྱང་ཁོང་དང་ཁོང་གི་ཕྱག་ལས་གང་ཅིར་མཐུན་འགྱུར་དང་གཞོགས་འདེགས་གང་ཟབ་གནང་རོགས་གནང་ཞུ་རྒྱུ་བཅས་ཡིན།།

Share with your friends










Submit