ཟླ་བ་ ༡༡ ཚེས ༢༩ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༩

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུབ་ནེཤྭར་ཨོ་ཌི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་བོད་མི་རྣམས་ལ་བཀའ་སློབ་སྩལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་མགོན་པོ་གང་ཉིད་མཆོག་ཀ་ལིངྒ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གི་འཕྲུལ་རིགས་སྦྱོང་བརྡར་བསྟི་གནས་ཁང་གི་ Kalinga Institute of Industrial Technology (KIIT) ཚོགས་ཁང་ནང་༧ཞབས་སོར་འཁོད་བསྟུན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་ས་གནས་འགོ་འཛོན་ཆོས་ནོར་བསམ་གྲུབ་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་ཞུས།

དེ་ནས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཨོ་ཌི་ཤ་སློབ་གྲྭ་ཞིག་ཏུ་སྐད་བཏང་བ་ལྟར་འདིར་འབྱོར་བ་རེེད། ངོས་ཀྱིས་བར་སྐབས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་རྒྱུ་དཔེར་ན། ཨ་རི་ལྟ་བུ་ཡིན་ན་ཆུ་ཚོད་ ༡༥།༡༦ རིང་གནམ་གྲུའི་ནང་འགྲོ་དགོས་ཀྱི་ཡོད། དེ་བཞིན་ཡུ་རོབ་དང་ཉི་ཧོང་དུ་འགྲོ་རྒྱུར་གང་ཙམ་ཐག་རིང་པོ་འདུག   ལོ་ཡར་རྒས་ཡོང་སྐབས་ཐང་ཆད་རྒྱུ་ཕྲན་བུ་ཤུགས་ཆེ་རུ་འགྲོ་གི་འདུག

དེར་བརྟེན་ཕར་ཚུར་ཐག་རིང་པོ་འགྲོ་རྒྱུར་ཕྱོགས་གཅིག་ནས་ཐང་ཆད་ཀྱི་འདུག   གཉིས་ནས་ཆོས་དང་རིག་གཞུང་མི་འདྲ་བ་ཞིག་ཆགས་ཡོད། དེ་ལས་རྒྱ་གར་ནི་ནང་པའི་ལུང་པ་མིན་ནའང་ནང་ཆོས་རྒྱ་གར་ནས་དར་བ་རེད།   ལྷག་པར་དཔལ་ནཱ་ལེནྡཱའི་མཁས་པའི་དབང་པོ་དེ་དག་རྒྱ་གར་བ་ཤ་སྟག་ཆགས་ཡོད།  ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་བསྟན་པ་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ།   གང་ལྟར་འཛམ་གླིང་འདིའི་སྟེང་ངོམ་ཆོག་པའི་ནང་པའི་ལྟ་གྲུབ་འདི་རྒྱ་གར་ནས་བྱུང་བ་རེད།  རྒྱ་གར་བ་མི་དུང་ཕྱུར་བཅུ་གྲངས་ཀྱི་བསམ་བློ་ནང་དུ་ནང་ཆོས་ཟེར་ན་ཐག་རིང་པོ་གང་ཡང་མེད་སྟབས།     རྒྱ་གར་གྱི་གནའ་རབས་ཤེས་ཡོན་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་རིག་གནས་དེ་དག་འགྲེལ་བཤད་རྒྱག་དུས་རྒྱུ་མཚན་གྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ།

མདོར་ན་གཏན་ཚིགས་རིག་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་སྟབས། འདི་ནི་རྒྱ་གར་རང་གི་ཕ་མེས་ཀྱི་ཤེས་ཡོན་སྡེ་ཚན་ཞིག་ཆགས་ཡོད། འདི་རྒྱ་གར་ནང་ཤུགས་རྒྱག་ཐུབ་ན་བསམས་ནས་ངོས་ཀྱི་རེ་བ་རྒྱག་གི་ཡོད། ངོས་ཀྱིས་བར་སྐབས་རྒྱ་གར་གྱི་སློབ་གྲྭ་ཆེ་ཁག་དེ་འདྲ་དང་ཤེས་ཡོན་ཅན་དང་མཉམ་དུ་འཚོགས་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད།   དེ་རིང་འདིར་ཡོང་རྒྱུ་དེ་ཡང་གཙོ་བོ་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ལ་དོ་སྣང་གསར་པ་སླེབ་རྒྱུ་དང་བསྐྱར་གསོ་བྱེད་ཐུབ་རྒྱུར་ངོས་ཀྱིས་རེ་བ་རྒྱག་གི་ཡོད།

དེང་སྐབས་འཛམ་གླིང་འདིའི་སྟེང་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་འཕྲད་དེ་མི་གསོད་རྒྱུ་ཧ་ཅང་མང་པོ་ཡོང་གི་འདུག ད་ལྟ་ང་ཚོ་འདིར་ཞི་བདེ་ངང་སེམས་ནང་སྤྲོ་སྣང་འཕེལ་ཏེ་སྡོད་པའི་དུས་ཡུན་འདི་རང་ལ་འཛམ་གླིང་ནང་མི་གསོད་རེས་མང་པོ་ཡོང་བཞིན་ཡོད།   བྱིས་པ་ཆུང་ངུ་གཙོ་བོར་གྱུར་པའི་མུ་གེའི་འཆི་བཞིན་པ་ཧ་ཅང་མང་པོ་འདུག མི་གཅིག་གྱུར་ཡིན་ནའང་གཅིག་གིས་གཅིག་ལ་དཀའ་ངལ་བཟོས། གཅིག་གིས་གཅིག་ལ་གསོད་རེས་བཏང་། ཉམ་ཐག་སྐྱབས་མེད་མགོན་མེད་ལ་བཞག་ནས་དེ་ལྟ་བུའི་འཛམ་གླིང་ཧ་ཅང་ཐབས་སྐྱོ་བོ་འདུག   དབང་ཆ་ཡོད་མཁན་དེ་ཚོའི་གྲས་སོ་སོ་ཁ་ཐུག་གི་མིག་རྒྱང་ཐུང་ངུའི་ཁེ་ཕན་བསྒྲུབ་རྒྱུ་མ་གཏོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བལྟས། ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པོ་རེད་འདུག དེར་བརྟེན་འཛམ་གླིང་འདི་དངོས་འབྲེལ་མིའི་ལུང་པ་ཞིག་ཆགས་ཏེ་མིའི་མིར་བརྩེ་བ་ཡོད་པ་དང་། མིས་མི་གསོད་རེས་དང་ཐུབ་ཚོད་གཏོང་རྒྱུ་མེད་པར་ཕན་ཚུན་རོགས་བྱེད་རྒྱུའི་འཛམ་གླིང་ཞིག་བཟོ་ཐུབ་རྒྱུའི་ཆ་རྐྱེན་དང་རེ་བ་ཡོད། དེའི་ཐོག་བསམ་བློ་ཧ་ཅང་འཁོར་བཞིན་འདུག

དཔེར་ན། ང་ཚོ་ཚང་མས་སེམས་ཅན་ཐམས་ཅད་ཞེས་སྨོན་ལམ་རྒྱག་གི་ཡོད།  སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་གི་ཡོད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གྲངས་མེད་ཡོད་པ་དེ་དག་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་བྱ་ཐབས་གང་ཡང་མེད། རྫུ་འཕྲུལ་འདྲ་སྟོན་ནས་འཛམ་གླིང་གཞན་དུ་འགྲོ་ཐུབ་ཀྱི་ཡོད་ན་གང་ཤེས་དེ་མིན་བྱ་ཐབས་གང་ཡང་མི་འདུག འཛམ་གླིང་འདིར་མཚོན་ནའང་། དུད་འགྲོ་བྱ་རི་དྭགས། ཉ་རིགས་གྲངས་ཀྱི་མི་ལང་བ་ཡོད། སྨོན་ལམ་རྒྱག་སྡོད་རྒྱུ་ཙམ་མ་གཏོགས་བྱ་ཐབས་གང་ཡང་མེད།  རེ་བ་རྒྱག་ས་ཡོད་པ་ནི་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ལ་རེ་བ་རྒྱག་ས་ཞིག་ཡོད་པའི་བཟོ་འདྲ་འདུག འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ཆགས་སྡང་དང་དུ་བླངས་བ་ཞིག་མིན་པར་སྙིང་རྗེ་དང་དུ་བླང་རྒྱུ་ཞིག་དང་། དེ་ཡང་ཆོས་དང་འབྲེལ་ནས་སྐྱེ་བ་ཕྱི་མ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་གང་ཡང་མིན་པར་བྱམས་བརྩེ་དང་སྙིང་རྗེའི་བློ་ཤུགས་ཆེན་པོ་ཡོད་ན། མིར་གནོད་པ་བསྐྱལ་རྒྱུ་མ་རེད།   སོ་སོ་རང་ཉིད་ལ་ཆ་བཞག་ནའང་སེམས་སྐྱིད་པ་ཡོང་གི་རེད།  ཁོང་ཁྲོ་ལངས་ནས་བསྡད་ན་སེམས་སྐྱིད་པ་ཡོང་རྒྱུ་མི་འདུག

བྱམས་བརྩེ་ཡོད་ན་སོ་སོའི་སེམས་སྐྱིད་པ་རོགས་པ་ཚོའི་སེམས་སྐྱིད་པ། གང་ལྟར་འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ་ཞིག་ཡོང་ཐུབ་རྒྱུ་ཡིན་སྟབས། ངོས་ཀྱིས་བྱམས་བརྩེ་སྤེལ་རྒྱུར་ཤུགས་རྒྱག་གི་ཡོད། ངོས་ཀྱི་རྒྱ་གར་ནང་རེ་བ་ཆེ་བ་མཐོང་གི་འདུག  འཛམ་གླིང་ནང་གི་ཡེ་ཤུའི་ལུང་པ་དེ་ཚོའི་གྲས་ཧ་ཅང་ཡག་པོ་རེད།    ཡེ་ཤུའི་ཆོས་ཀྱི་ཐོག་ནས་མིར་བསླབ་བྱ་རྒྱག་གི་ཡོད། མིར་ཕན་སེམས་སྐྱེ་ཡི་ཡོད། ཧ་ཅང་ཡག་པོ་རེད། འོན་ཀྱང་འཇིག་རྟེན་བཀོད་པ་པོ་འདོད་སྟབས། མིས་དེ་ཙམ་བྱེད་རྒྱུ་གང་ཡང་མི་འདུག དཀོན་མཆོག་མཁྱེན་ཟེར་རྒྱུ་མ་གཏོགས་མི་རང་གིས་འགུལ་སྐྱོད་རྒྱག་རྒྱུ་དེ་ཙམ་མེད་པའི་བཟོ་འདྲ་ཞིག་རེད།

རྒྱ་གར་གྱི་ཆོས་ལུགས་ནང་ཆོས་ལུགས་མང་པོ་ཞིག་གིས་སེམས་ལ་འགྱུར་བ་བཏང་ནས་བློ་སྦྱོང་རྒྱུའི་ཐོག་ནས་སེམས་འགྱུར་བཅོས་བཏང་ནས་སེམས་ཡར་རྒྱས་གཏོང་རྒྱུ་ཞི་གནས་དང་ལྷག་མཐོང་ཡེ་ཤུའི་ཆོས་ནང་དུ་མེད། ཞི་གནས་དང་ལྷག་མཐོང་ཟེར་དུས་སེམས་བསྒྱུར་བཅོས་གཏོང་རྒྱུ་རེད།  རྒྱ་གར་གྱི་ཆོས་ལུགས་ནང་ཡོད་རེད་མ་གཏོགས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ནང་དཀོན་མཆོག་རང་བཤད་རྒྱུ་མ་གཏོགས་འདི་མི་འདུག   ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།

Share with your friends










Submit