ཟླ་བ་ ༡༡ ཚེས ༢༣ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཕུར་བུ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ཚོང་པའི་ལྷན་ཚོགས་ Indian Chamber of Commerce ནས་ཇི་ལྟར་སྔོན་ནས་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་རྟེན་གཞི་བྱས་པའི་ Oberoi Hotels & Resorts ཞེས་པའི་གསོལ་མགྲོན་ཁང་དུ་རྒྱ་གར་ཚོང་པའི་ལྷན་ཚོགས་ Indian Chamber of Commerce ལ་རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོའི་ Revival of Ancient Indian Knowledge སྐོར་བཀའ་སློབ་སྩལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་གྲུབ་མཚམས་རྒྱ་གར་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་་ཤཤྭཏ་གོཡེནཀ་ Mr. Shashwat Goenka ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

ངོས་ཀྱི་ལས་འགན་དང་པོ་དེ་འགྲོ་བ་མིར་རང་ཆས་སུ་ཡོད་པའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་དེ་ཡིན། འཛམ་གླིང་ནང་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མ་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད། མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་རྒྱུ་ཁག་པོ་རེད།

ངོས་ཀྱི་ལས་འགན་གཉིས་པ་དེ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ཡིན། རྒྱ་གར་ནི་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཐུབ་རྒྱུའི་དཔེ་མཚོན་ཞིག་ཆགས་ཡོད། རྒྱ་གར་བ་ཚོའི་བསམ་བློའི་ནང་ཆོས་ལུགས་འདྲ་མིན་ལ་ངོས་ལེན་ཡོད་ཤག་ཤག་རེད། གང་ཡིན་བརྗོད་ན་ཡུལ་འདིའི་ནང་གནའ་རབས་ནས་ཆོས་ལུགས་འདྲ་མིན་ཕན་ཚུན་གུས་བཀུར་ཞུ་རྒྱུའི་ལམ་སྲོལ་བཟང་པོ་ཞིག་རྒྱུན་འཇགས་སུ་གནས་ཡོད། གལ་ཏེ་ཆོས་ལུགས་གཅིག་ལས་མེད་ན་སྐབས་རེ་ཆོས་ལུགས་དེ་རང་མ་གཏོགས་ཆོས་ལུགས་གཞན་བརྗོད་སྐབས་བསམ་བློའི་ནང་མི་ཤོང་བ་ལྟ་བུའི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད། ཆོས་གྲོགས་ཀྱི་འདུ་ཤེས་འཛིན་ནས་ཆོད་སེམས་བརྟན་པོས་འབད་བརྩོན་བྱས་ན་དོན་དམ་གྱི་ཆོས་ལུགས་མཐུན་སྒྲིལ་ཡོང་སྲིད་པ་ཞིག་ཕལ་ཆེར་རེད།

གསུམ་པ་དེ་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ད་ལྟའི་ཆར་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་དབང་ཆ་དེ་ཕྱི་ལོ་ ༢༠༠༡ ནས་བཟུང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་འགན་བཞེས་པ་རེད། དུས་སྐབས་དེ་ནས་བཟུང་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒན་ཡོལ་བྱས་ནས་བསྡད་པ་ཡིན། དེ་ནས་ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་འགན་དབང་ནས་རྒན་ཡོལ་ཆ་ཚང་ཞུས་པ་མ་ཟད། ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་ནས་ཏཱ་ལའི་བླ་མའི་བླ་བྲང་གིས་བོད་མིའི་ཆབ་སྲིད་འགོ་ཁྲིད་བྱ་རྒྱུའི་ལམ་སྲོལ་དེའང་ངོས་ནས་དང་བླངས་ཐོག་ནས་དགའ་བཞིན་སྤྲོ་བཞིན། སྤོབས་པ་དང་བཅས་མཇུག་བསྒྲིལ་བ་ཡིན།

གང་ཡིན་བརྗོད་ན་ངོས་ཀྱིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཆོས་མིང་ཐོག་ནས་དབང་ཆ་འཛིན་རྒྱུའི་ལམ་སྲོལ་རྙིང་པ་དེ་དག་དེ་སྔ་ཞིང་བྲན་ལམ་ལུགས་དང་འབྲེལ་བ་ཡོད་པའི་བཟོ་འདྲ་འདུག ཞིང་བྲན་ལམ་ལུགས་དེ་ད་ཆ་དུས་ཚོད་ཡོལ་ཟིན། ལུང་པ་འདིར་མཚོན་ནའང་རིགས་མཆོག་དམན་དབྱེ་འབྱེད་བྱ་རྒྱུའི་ལམ་སྲོལ་དར་ཡོད། རིགས་སྐྱོ་བའི་ཁོངས་ནས་ལུས་ལ་རེག་ཙམ་ཡང་མ་ཆོག་པ་ཁག་གཅིག་ཡོད། ལམ་ལུགས་དེ་དག་ངོས་ཀྱི་བསམ་པར་ཞིང་བྲན་ལམ་ལུགས་ནས་བྱུང་བ་ཞིག་རེད།

རིགས་མཐོ་བར་རློམ་པ་རྣམས་ལ་རིགས་དམན་པ་ཚོ་ལས་དམིགས་བསལ་ཐོབ་ཐང་ཡོད། དེར་བརྟེན་རིགས་མཐོ་བས་དམན་པ་ཚོར་བཤུ་གཞོག་གཏོང་བཞིན་ཡོད། དེར་བརྟེན་ལམ་སྲོལ་དེ་དག་ཞིང་བྲན་ལམ་ལུགས་དང་འབྲེལ་བའི་ལམ་སྲོལ་རྙིང་པ་དུས་ཚོད་ཡོལ་ཟིན་པ་ཡིན་སྟབས་ངེས་པར་དུ་དེར་འགྱུར་བ་གཏོང་དགོས། དང་ཐོག་ངོས་ལ་མཚོན་ནའང་ཏཱ་ལའི་བླ་མའི་བླ་བྲང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱ་རྒྱུའི་ལམ་སྲོལ་དེ་དགའ་བཞིན་སྤྲོ་བཞིན་སྤོབས་པ་དང་བཅས་མཇུག་བསྒྲིལ་བ་ནས་བཟུང་ངོས་རང་མི་སེར་དཀྱུས་མ་ཞིག་ཆགས་པ་རེད། ཆབ་སྲིད་ཀྱི་འགན་གང་ཡང་མེད། ཆབ་སྲིད་ཀྱི་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་འགན་འཁྱེར་ནས་འགྲོ་བཞིན་པ་དེ་ལྟར་རེད།

ད་ཆ་ངོས་ཀྱིས་བོད་དང་འབྲེལ་བའི་འགན་གཅིག་ནི་བོད་ཀྱི་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་འབད་བརྩོན་བྱ་རྒྱུ་རེད། རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཞིག་གིས་རྩོམ་ཡིག་སྤེལ་བའི་ནང་བོད་མཐོ་སྒང་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་ལ་གོ་ལའི་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་དེ་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་དང་གཅིག་མཚུངས་ཡོད་སྐོར་རྩོམ་ཡིག་སྤེལ་ཡོད། དེར་བརྟེན་རྩོམ་པ་པོ་དེས་བོད་ལ་འཛམ་གླིང་གི་སྣེ་གསུམ་པ། ཞེས་འབོད་འདུག རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཞིག་གིས་ཉམས་ཞིབ་བྱས་ནས་དེ་ལྟར་རྩོམ་ཡིག་སྤེལ་བ་རེད།

གཉིས་ནས་ཨེ་ཤི་ཡའི་གཙང་པོ་ཆེ་ཁག་ཕལ་མོ་ཆེ་ཆུ་མགོ་བོད་ཡིན། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་གསུམ་གྱིས་གཙོས་བོད་ཀྱི་གཙང་པོ་ཆེ་ཁག་ལ་བརྟེན་ནས་གཤམ་འོག་ཡུལ་གྲུ་མང་པོའི་ནང་གཙང་ཆུ་མི་འདྲ་བ་རྒྱུག་བཞིན་ཡོད་པ་མ་ཟད། གཙང་པོ་དེ་དག་མི་འབོར་ཧ་ལམ་ཐེར་འབུམ་གཅིག་ཙམ་གྱི་འཚོ་རྟེན་དང་འབྲེལ་བ་ཧ་ཅང་ཆགས་ཡོད།

དེར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་འགན་དེ་བོད་མི་ས་ཡ་དྲུག་ཙམ་མིན་པར་རྒྱ་རིགས་མི་འབོར་ཧ་ཅང་མང་པོས་གཙོས་ཝི་ཏི་ནམ་དང་ལའོ་སི། ཁེམ་བྷོ་ཌི་ཡ། བྷང་ལ་དེ་ཤི། རྒྱ་གར། པ་ཀི་སི་ཐན་བཅས་ལའང་ཡོད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་གོ་རྟོགས་སྤེལ་རྒྱུའི་འགན་ངོས་ལ་ཡོད་སྟབས་གནས་སྟངས་འདིའི་ཐོག་ངོས་ཀྱིས་འགྲེལ་བཤད་བརྒྱག་དགོས་པ་མཐོང་བྱུང་།

བོད་དང་འབྲེལ་བའི་ངོས་ཀྱི་ལས་འགན་གཉིས་པ་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་རེད། ད་ཆ་ངོས་ཀྱིས་སྤོབས་པ་དང་བཅས་འདི་ལྟར་བརྗོད་ཆོག ལོ་རྒྱུས་ཐོག་ནས་ཁྱེད་རང་ཚོ་ང་ཚོའི་བླ་མ་རེད། ང་ཚོའི་ཤེས་ཡོན་དེ་དག་རྒྱ་གར་ནས་བྱུང་ཡོད། ཁ་སང་ཨོ་ཌི་ཤའི་རྒྱལ་ས་བྷུབ་ནེཤྭར་ནང་ཡོད་སྐབས་སྔ་དྲོ་ངོས་རང་ཡར་ལངས་ནས་སྔགས་ཕྱོགས་དང་འབྲེལ་བའི་ཡིད་དམ་སོགས་སྒོམ་བཟླས་སྐབས་བོད་ལ་གསང་སྔགས་ཀྱི་བསྟན་པ་ཐོག་མ་རྒྱ་གར་ནས་དར་ཡོད། དེའི་ནང་ནས་གསང་སྔགས་ཀྱི་བརྒྱུད་པ་དེ་དག་གཙོ་བོ་ཨོ་ཌི་ཤ་ནས་བྱུང་བ་ཞིག་ཡིན་སྟབས་ཚོར་བ་དམིགས་བསལ་བ་ཞིག་བསྐྱེས་བྱུང་།

ཕྱོགས་མཚུངས་འདིར་བྷེང་གལ་ལ་མཚོན་ནའང་དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་ Shantarakshita འཁྲུངས་པ་རེད། དེ་ནས་དུས་རབས་ ༡༡ ནང་དཔལ་མར་མེ་མཛད་ Atisha Dipamkara འཁྲུངས། དེར་བརྟེན་ང་ཚོའི་དབར་དམིགས་བསལ་འབྲེལ་བ་ཡོད། བྷི་ཧཱར་ནང་ཆགས་པའི་ནཱ་ལེནྡཱར་མཚོན་ན་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད། སངས་རྒྱས་བསྐྱངས། འཕགས་པ་ལྷ། ཟླ་བ་གྲགས་པ། སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་སོགས་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་དེ་དག་ངོས་ཀྱིས་ནང་པའི་མཁས་པ་ཙམ་ཞིག་ལ་ངོས་འཛིན་ཞུ་ཡི་མེད། ནཱ་ལེནྡཱི་གཙུག་ལག་སློབ་དཔོན་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད། མཁས་པ་དེ་དག་གི་གསུང་མཇལ་སྐབས་དེང་དུས་ཚན་རིག་པ་ཚོས་འཆད་བཞིན་པའི་དངོས་ཁམས་རིག་པའི་ཚད་རྡུལ་ཕྲ་མོའི་རྣམ་གཞག་ quantum physics སྐོར་མཁས་པ་དེ་དག་གིས་གསུང་ཟིན་ཡོད།

ཕྱོགས་མཚུངས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་ལ་མཚོན་ནའང་དེང་དུས་སེམས་ཁམས་རིག་པ་དང་བསྡུར་བ་ཡིན་ན་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་དེ་སྔོན་འགྲོ་སློབ་གྲྭའི་གནས་ཚད་ཙམ་ལས་མེད། ཅེས་བཅས་ངོས་ཀྱི་རྩེད་མོ་དང་སྦྲགས་བརྗོད་བཞིན་ཡོད། དེ་ནི་གཙོ་བོ་ངོས་ཀྱིས་འདས་པའི་ལོ་ངོ་ ༣༠ ལྷག་རིང་ནུབ་ཕྱོགས་གཙོ་བོར་གྱུར་བའི་འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་མང་པོ་ཞིག་དང་ཐུག་པའི་ཉམས་མྱོང་ཐོག་ནས་བརྗོད་བཞིན་ཡོད།

རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དེ་ཧ་ཅང་ཚད་མཐོན་པོར་སོན་ཡོད། དེ་བཞིན་ཚད་མ་རིག་པའི་རྣམ་གཞག་ལ་མཚོན་ནའང་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ལྟ་བུ་ནཱ་ལེནྡཱའི་མཁས་པ་དེ་ཚོའི་བརྩམས་ཆོས་དེ་དག་ཧ་ལས་པ་རེད། ལྷག་པར་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་ལྟ་བུ་ངོ་མཚར་ཅན་རེད། ཕྱོགས་མཚུངས་སློབ་དཔོན་ཕྱོགས་གླང་གིས་བརྩམས་པའི་ཚད་མ་ཀུན་བཏུས་སོགས་ང་ཚོས་དུས་ད་ལྟའང་སློབ་དེབ་ཀྱི་ཚུལ་བྱས་ནས་སློབ་གཉེར་བྱེད་བཞིན་ཡོད།

དེར་བརྟེན་འདས་པའི་ལོ་རྒྱུས་ཐོག་ནས་རྒྱ་གར་བ་ཁྱེད་རྣམ་པ་ང་ཚོའི་བླ་མ་དང་ང་ཚོ་བོད་མི་ཚོ་རྒྱ་གར་གྱི་སློབ་མ་ཡིན། ཞེས་དུས་རྟག་ཏུ་བརྗོད་བཞིན་ཡོད། ང་ཚོ་སློབ་མ་ཙམ་མིན་པར་ཡིད་ཆེས་ཕེར་ངེས་ཀྱི་སློབ་མ་ཡིན་ཞེས་བརྗོད་བཞིན་ཡོད། ད་ཆ་བླ་མའི་ཡུལ་འདིར་རིག་གཞུང་དེ་དག་ཉམས་ཟིན་ཡང་ང་ཚོ་སློབ་མ་ཚོས་རིག་གཞུང་དེ་དག་གཅེས་ཉར་བྱས་ནས་དུས་ད་ལྟ་བར་འཆད་ཉན་བྱེད་བཞིན་ཡོད།

ངོས་ཀྱི་ལས་འགན་ཁོངས་ནས་གཅིག་རྒྱ་གར་ནང་གནའ་རབས་ཀྱི་རིག་གནས་སླར་གསོ་བྱ་རྒྱུ་ཡིན། རིག་གཞུང་དེ་དག་ཆོས་ཕྱོགས་ཀྱི་ངོ་བོའི་ཐོག་ནས་མིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སླར་གསོ་བྱ་ཐབས་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་མིས་བཟོས་པའི་དཀའ་ངལ་ཡིན། བཟང་སྤྱོད་མ་འདང་བར་བརྟེན་ནས་དཀའ་ངལ་དང་རྙོག་གྲ་སོགས་ཡོང་བཞིན་ཡོད། དེ་ནི་གཙོ་བོ་དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ལ་དམིགས་པ་ཞིག་ལས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་ལ་དོ་སྣང་སྤྲད་ཀྱི་མེད། བཟང་སྤྱོད་བརྗོད་སྐབས་ལམ་སང་ཆོས་ཀྱི་སྐད་ཆ་ཞིག་ཡིན་པར་བརྩི་བཞིན་ཡོད།

རྒྱ་གར་གནའ་རབས་སྲོལ་རྒྱུན་ནང་བློའི་རྣམ་གཞག་སྐོར་ཧ་ཅང་ཕྱུག་པོ་ཡོད། ད་ཆ་རྒྱ་གར་བ་ཚོས་རང་གི་རིག་གཞུང་རྩ་ཆེ་ཉམས་པ་དེ་དག་སླར་གསོ་བྱས་པ་བརྒྱུད་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོམ་ལམ་ལུགས་ཞིག་བཟོ་ཐབས་བྱེད་དགོས། ངོས་ལ་མཚོན་ནའང་ངོས་རང་མ་འཆི་བར་འབྱུང་འགྱུར་ལོ་ངོ་བཅུ་དང་། ཉི་ཤུའི་རིང་གང་ཐུབ་ཅི་ཐུབ་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་སློབ་ཚན་གྱི་ངོ་བོའི་ཐོག་ནས་འཇོགས་ཐབས་ཆེད་འབད་བརྩོན་གང་ཡོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་ལྡི་ལིར་ཆིབས་ཞལ་སྒྱུར་ཡོད་པ་བཅས།།

Share with your friends










Submit