ཟླ་བ་ ༡༡ ཚེས ༢༨ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༨ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་ ༣ རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ཁོངས་ཆགས་པའི་ལྷ་དགོན་བྱང་ཆུབ་ཆོས་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་པར་གྲུབ་པའི་བཀྲ་ཤིས་དབུ་འབྱེད་ཀྱི་རབ་གནས་དང་། ལྷ་འབྲང་མཆོག་སྤྲུལ་རིན་པོ་ཆེའི་ཁྲི་སྟོན་མཛད་སྒོ་ཞིག་ཚོགས་གནང་ཡོད།

མཛད་སྒོའི་སྐབས་རྣམ་གྲོལ་གླིང་དགོན་པའི་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། ལྷ་འབྲང་མཆོག་སྤྲུལ་རིན་པོ་ཆེ་མཆོག  རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག   དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག   མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ (Shri.Chowna Mein) མཆོག མངའ་སྡེའི་ནང་སྲིད་བློན་ཆེན། མངའ་སྡེའི་སྒོ་ཕྱུགས་སེམས་ཅན་དང་། རིག་གཞུང་བློན་ཆེན་སྐུ་ཞབས་མོ་ཧིཤ་ཆའི་ (Shri.Mohesh Chai) མཆོག   བོད་མི་མང་རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། གཞན་ཡང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག  མངའ་སྡེའི་ (BJP) ཆབ་སྲིད་ཚོགས་པའི་ཚོགས་གཙོ།  ས་གནས་བོད་རིགས་མི་མང་བརྒྱ་ཕྲག་བརྒལ་བ་འདུ་ འཛོམས་གནང་ཡོད་འདུག

ཕྱི་ཚེས་ ༢༤ མཛད་སྒོའི་ཉིན་དང་པོར་སྐུ་མགྲོན་གཙོ་བོ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་རྣམ་གཉིས་ནས་གཙུག་ལག་ཁང་དབུ་འབྱེད་ཀྱི་དར་མཚོན་གཅོད་འབྲེག་གནང་བ་དང་འབྲེལ། སྣང་གསལ་ཞལ་ཕྱེ་དང་རྟེན་གཙོར་སྙན་དར་སྒྲོན་གནང་ཡོད། དེ་རྗེས་ལྷ་འབྲང་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཁྲི་སྟོན་མཛད་སྒོ་ཚོགས་གནང་བ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་དང་། ཉིན་རྒྱབ་རྩ་འཆམ་གསེར་སྐྱེམས་དང་གཞས་སྣ་གཟིགས་འབུལ་ཞུས་གནང་ཡོད།

ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོར་རིག་འཛིན་བྱིན་འབེབས་དང་ཚེ་སྒྲུབ་གསང་འདུས་ཀྱི་སྒོ་ནས་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་ལ་བྱང་ཆུབ་ཆོས་གླིང་འདུ་སྤྱི་ནས་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཕུལ་གནང་བ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་དང་། ཉིན་རྒྱབ་གུ་རུ་མཚན་བརྒྱད་ཀྱི་འཆམ་དང་གཞས་སྣ་ཁག་གཟིགས་འབུལ་ཞུས་གནང་ཡོད།

ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ཆེད་ཕེབས་ཀྱིས་འོད་དཔག་མེད་ཀྱི་ལྷ་ཁང་དང་། སྒྲོལ་མའི་ལྷ་ཁང་དབུ་འབྱེད་གནང་བ་དང་། གཙུག་ལག་ཁང་དུ་སྣང་གསལ་མར་མེ་ཞལ་ཕྱེ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་དང་།

དེ་ནས་མི་མང་ལྷན་འཛོམས་ཀྱི་མཛད་སྒོར་ཏི་ཛུ་ས་གནས་འགོ་འཛིན་སྐུ་ངོ་དོན་གྲུབ་བཟང་པོ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་རྗེས།  རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་བློན་ཆེན་གཞན་རྣམས་དང་། དཔལ་ལྡན་ཚོགས་གཙོ་བཅས་ལ་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་ཞུའི་ལེགས་གསོའི་ཕྱག་རྟགས་ཕུལ་གནང་ཡོད།   དེ་ནས་བླ་མ་བློ་བཟང་དཔལ་འབྱོར་ལགས་དང་། སྨན་པ་པདྨ་ཚེ་མཚོ་རྣམ་གཉིས་ནས་བོད་ཨིན་གཉིས་ཀྱི་ཐོག་མཛད་སྒོ་ངོ་སྤྲོད་གནང་གྲུབ་མཚམས།

དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན།  ལྷ་དགོན་བྱང་ཆུབ་ཆོས་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས་དེ་རིང་དབུ་འབྱེད་གནང་ཐུབ་པར་འཚམས་འདྲི་ཞུ་རྒྱུ་དང་། རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གིས་ལོ་མང་འབད་བརྩོན་ཆེར་བཞེས་ཀྱིས་དེ་རིང་ལྷ་དགོན་བྱང་ཆུབ་གླིང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ བྱུང་བ་ཞིག་ཡིན་པ་དང་།

དེ་བཞིན་དགོན་པའི་སྦྱིན་བདག་དང་། རྒྱབ་སྐྱོར་གནང་མཁན་ཡོངས་ལ་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། དེ་རིང་འདིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་བློན་ཆེན་མང་པོ་ཞིག་ཕེབས་གནང་བར་ང་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ཡི་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་ལྟ་བུར་མཚོན་ན།  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་འདུན་ཆེན་པོ་ཡོད་པ་ཞིག་དང་། བོད་མི་མང་ལ་ཤིན་ཏུ་ནས་བློ་ཉེ་པོ་གནང་མཁན་ཞིག་ཡིན།  སྤྱི་ཁྱབ་བློན་ཆེན་མཆོག་ནས་ཡབ་ཀྱི་རྗེས་འཇུག་གནང་བཞིན་ཡོད་པ་མ་ཟད། མངའ་སྡེའི་ནང་ཆགས་པའི་བོད་མིའི་གཞིས་ཆགས་དང་། ཁ་འཐོར་ཁག་ལ་གནས་པའི་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གང་ལེགས་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་བོད་མི་ཚོར་དམིགས་ནས་གསུང་དོན།   བོད་རིགས་ཚོས་རང་གི་ཕ་མེས་ནས་དར་བའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ལ་བདག་གཉེར་གྱིས་མི་ཉམས་གོང་སྤེལ་གནང་དགོས་པ་དང་། ༸གོང་ས་མཆོག་གི་བཀའ་དགོངས་དང་། བོད་མིིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གང་གནང་བ་བཞིན་བསྒྲུབ་དགོས་པ། བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་དང་། བྱམས་བརྩེ་གཙོ་བོར་གྱུར་བའི་ང་ཚོའི་གོམས་གཤིས་བཟང་པོ་རྣམས་ཉམས་ལེན་གནང་ཐུབ་ན། རང་རེའི་སྤྱི་ཚོགས་ཙམ་མ་ཟད་སྤྱི་ཚོགས་གཞན་ལའང་ཕན་པ་རྒྱ་ཆེ་བསྐྲུན་ཐུབ་རྒྱུ་རེད།

ཉིན་གཅིག་གཞིས་བྱེས་མཉམ་འཛོམས་ཏན་ཏན་ཡོང་རྒྱུ་ཡིན་པས། བོད་མི་ཚོས་རང་གི་འཐབ་རྩོད་ཐོག་སེམས་ཤུགས་མ་ཆག་པར་མུ་མཐུད་འབད་བརྩོན་ཧུར་བསྐྱེད་གནང་དགོས་ཀྱི་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། ཨ་རུ་ནཱ་ཅལ་མངའ་སྡེའི་སྒོ་ཕྱུགས་སེམས་ཅན་དང་། རིག་གཞུང་བློན་ཆེན་སྐུ་ཞབས་མོ་ཧི་ཤཱ་ཆའི་ (Shri.Mohesh Chai) མཆོག་གིས་གསུང་བཤད་གནང་བ་དང་།

དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ (Shri.Chowna Mein) མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ནས་གསུང་བཤད་གནང་སྐབས། རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གིས་ཏི་ཛུ་ས་གནས་སུ་གཙུག་ལག་ཁང་འདི་ལྟ་བུ་གསར་བཞེངས་ལེགས་གྲུབ་གནང་བར་བསྔགས་བརྗོད་དང་། མུ་མཐུད་ཨ་རུ་ནཱ་ཅལ་ནང་ཡོད་པའི་བོད་མི་ཚོར་སྔར་རྒྱུན་བཞིན་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་གསུང་བཤད་གནང་རྗེས།   ཏི་ཛུ་ས་གནས་ཚོགས་གཙོ་འཆི་མེད་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ གནང་ཡོད།

ཉིན་རྒྱབ་བཀྲ་ཤིས་རོལ་འཆམ་དང་། ཏི་ཛུ་ས་གནས་གཞིས་ཆགས་ཀྱི་མི་མང་ནས་འཁྲབ་གཞས་གཟིགས་འབུལ་ཞུས་གནང་ཡོད་པ་བཅས་ཉིན་གསུམ་གྱི་མཛད་སྒོ་གཟབ་རྒྱས་ངང་ལེགས་གྲུབ་བྱུང་ཡོད་འདུག

ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་དཔལ་ལྡན་ཚོགས་གཙོ་མཆོག་ནས་གཞིས་ཆགས་ཀྱི་སྡེ་ཚན་ཁག་ནང་གཟིགས་བསྐོར་དང་། སམ་བྷོ་ཊའི་སློབ་གྲྭའི་ནང་ཆེད་ཕེབས་ཀྱིས་གསུང་བཤད་གནང་གྲུབ་མཚམས། ཏི་ཛུ་གཞིས་ཆགས་ནས་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས།།

Share with your friends










Submit