མདུན་ཤོག » Flash Mobile » གསར་གནས། »

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༣ (COP23) ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གཉིས་ཕེབས་པ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ ནས་ ༡༧ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ (COP23)དེ་བཞིན་འཇར་མན་ Germany རྒྱལ་ས་བྷོན་ Bonn ནང་ཚོགས་ཡོད།

གོ་ལའི་ཁོར་ཡུག་ལྷན་ཚོགས་འདི་ནི་འཛམ་གླིང་ནང་ཁོར་ཡུག་ཐོག་ལྷན་ཚོགས་ཆེ་ཤོས་ཡིན་ཞིང་། ལྷན་ཚོགས་སྐབས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རྒྱལ་ཁབ་ ༡༩༧ སྐུ་ཚབ་འཐུས་མི་དང་།  རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་དང་སྲིད་གཞུང་ཁག་གི་སྐུ་ཚབ། ཁོར་ཡུག་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སོགས་མཉམ་ཞུགས་གནང་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་བདེ་ཆེན་དཔལ་མོ་ལགས་གཉིས་ཀྱང་ཕེབས་འདུག

ཁོང་གཉིས་ཀྱིས་ཐེངས་འདིར་ལྷན་ཚོགས་སྐབས་བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ཡོངས་ལ་གལ་གནད་ཆེན་པོ་ཇི་འདྲ་ཆགས་མིན་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་མྱུར་བར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཇི་བྱུང་གསལ་འདོན་གནང་བཞིན་འདུག   དེ་ཡང་ཉམས་ཞིབ་པ་ཁོང་གཉིས་ཀྱིས་བཏོན་པའི་བོད་མཐོ་སྒང་གི་ཁོར་ཡུག་གི་སྙན་ཐོ་ལྟར་ན།  བོད་ནི་འཛམ་གླིང་ཡང་ཐོག ཅེས་གྲགས་ཤིང་ཁོར་ཡུག་ཐོག་ནས་བོད་མཐོ་སྒང་གི་ས་ཆ་འདི་ཧ་ཅང་གནད་འགག་ཆེན་པོ་ཞིག་དང་གོ་ལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཐོག་ལའང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། ལྷག་པར་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་འཁྱགས་རོམ་མང་ཤོས་དེ་བོད་མཐོ་སྒང་ནང་ཡོད་འདུག  དེར་བརྟེན་འཁྱགས་རོམ་དེ་དག་ལས་བོད་ཀྱི་གཙང་ཆུ་ཆེ་ཁག་མང་པོ་ཞིག་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བའི་རྟེན་གཞིར་གྱུར་ཡོད་པ་གསལ།

ཐེངས་འདིར་ཕི་ཇི་ Fiji ཡུལ་གྱིས་གཙོ་འགན་ཐོག་ཁོར་ཡུག་ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ་ནི།  དེ་སྔ་རྒྱལ་ས་པེ་རི་སིར་ལྷན་ཚོགས་ཐེངས་ ༢༢ སྐབས་རྒྱལ་ཁབ་ ༢༠༠ ཙམ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་ལག་བསྟར་གནང་རྒྱུའི་ཁས་ལེན་གནང་བའི་འབྲུ་དོན་དེ་དག་ལག་བསྟར་དོན་འཁྱོལ་ཇི་ཙམ་ཡོང་ཐུབ་མིན་དང་མཇུག་སྐྱོང་ཇི་ལྟར་གནང་ཐབས་སོགས་ལ་དཔྱད་ཞིབ་གནང་ཆེད་ཡིན་འདུག  ལྷན་ཚོགས་ཐེངས་ ༢༢ དེ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ནང་ཚོགས་འདུག  སྐབས་དེར་གནད་དོན་གཙོ་བོ་ནག་རྫས་དུག་རླངས་ཉུང་དུ་གཏང་རྒྱུ་དང་།  འབྱོར་ལྡན་རྒྱལ་ཁབ་ཚོས་དབུལ་ཞིང་ཕོངས་པའི་ཡུལ་གྲུ་ཁག་ལ་ཁོར་ཡུག་འགྱུར་ལ་བརྟེན་ནས་འཕྲད་བཞིན་ཆུ་ལོག་དང་དྲག་ཆར་རླུང་ཚུབ་སོགས་ཀྱི་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་སྐབས་མཐུན་འགྱུར་རོགས་རམ་ཇི་འདྲ་གནང་དགོས་མིན་ཐད་དཔྱད་ཞིབ་གནང་འདུག

ཐེངས་འདིར་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༣ དབུ་འབྱེད་མཛད་སྒོའི་གཏམ་བཤད་སྐབས་འཛིན་སྐྱོང་དྲུང་ཆེ་ལྕམ་སྐུ་པེ་ཊི་ཤི་ཡ་ Patricia Espinosa མཆོག་གིས་པེ་རི་སི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡིག་ཆར་མཚན་རྟགས་འགོད་མཁན་རྒྱལ་ཁབ་ ༡༦༩ བྱུང་བར་བསྔགས་བརྗོད་རྒྱ་ཆེ་གནང་།

གོ་སྒྲིག་ཞུ་མཁན་ཕི་ཇི་ཡུལ་ལྟར་བོད་མཐོ་སྒང་ལའང་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་རང་འབྱུང་གོད་ཆག་ཧ་ཅང་མང་པོ་ཞིག་ཐོག་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་དང་།  ལྷག་པར་འདས་པའི་ལོ་གཉིས་རིང་བོད་ཀྱི་ས་ཁུལ་མང་པོ་ཞིག་ནང་ཆུ་ལོག་དང་ས་རུད་ཀྱི་དཀའ་ངལ་ཧ་ཅང་འཕྲད་པ་དེ་དག་ལྷན་ཚོགས་ཐོག་གསལ་འདོན་གནང་རྒྱུ་བོད་མིའི་སྐུ་ཚབ་ཚོའི་དམིགས་ཡུལ་གཙོ་བོ་ཆགས་ཡོད་སྐོར་བསྟན་པ་རྒྱལ་མཚན་ལགས་ཀྱིས་གསུངས།

ཕྱོགས་མཚུངས་བདེ་ཆེན་དཔལ་མོ་ལགས་ཀྱིས། འཛམ་གླིང་ནང་གཙང་པོ་གལ་ཆེ་ཤོས་དང་རྒྱ་ཆེ་ཤོས་རྣམས་བོད་མཐོ་སྒང་ནས་བབ་བཞིན་ཡོད་པ་མ་ཟད། གཙང་ཆུ་དེ་དག་པ་ཀི་སི་ཐན་དང་རྒྱ་གར། བལ་ཡུལ།   བྷང་ལ་དེ་ཤི། འབར་མ། ཐེ་ལེན་ཌི། ལའོ་སི། ཀེམ་བྷོ་ཌི་ཡ། ཝི་ཏི་ནམ། རྒྱ་ནག་བཅས་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཀྱི་ཡུལ་མིའི་འཚོ་བའི་རྟེན་གཞི་ཆགས་ཡོད། དེར་བརྟེན་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་འཛམ་གླིང་སྤྱི་ཚོགས་ཀྱིས་སྣང་ཆུང་བྱས་ནས་འཇོག་ཐབས་མེད། ཅེས་གསུངས།

དེ་ཡང་གཞི་རྩའི་ཁོང་གཉིས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ཚན་ ༡༠ ཅན་གྱི་ཞུ་སྐུལ་ཡིག་ཆ་འགྲེམས་སྤེལ་གནང་བཞིན་འདུག  དེའི་ཁོངས་ནས་གཙོ་བོ་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཁ་ཞེ་གཉིས་མེད་ཐོག་ནས་སྲིད་བྱུས་ལག་བསྟར་གནང་དགོས་པ་དང་། བོད་ཀྱི་གཙང་ཆུ་རྒྱུག་སའི་གཤམ་འོག་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་བོད་ཀྱི་གཙང་པོ་དེ་དག་སྲུང་སྐྱོབ་ཆེད་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་དེ་གཙོ་བོར་འཛིན་ནས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་གོ་ལའི་ཁོར་ཡུག་ལྷན་ཚོགས་སྐབས་ཚང་མར་བོད་ཀྱི་ཁོར་ཡུག་སྐོར་ངེས་པར་དུ་གླེང་སློང་དགོས་པ་སོགས་འཁོད་འདུག

དེ་བཞིན་ཁོང་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་བརྩོན་ཇི་ཙམ་མཛད་བཞིན་ཡོད་པ་གསལ་འདོན་གནང་བ་དང་སྦྲགས་ཏཱ་ལའི་བླ་མས་ཁོར་ཡུག་ཐོག་སྩལ་བའི་བཀའ་སློབ། Dalai Lama on Environment ཅེས་པའི་ཕྱག་དེབ་ཚོགས་བཅར་བ་རྣམས་ལ་འགྲེམས་སྤེལ་གནང་འདུག

ལྷན་ཚོགས་སྐབས་དང་བསྟུན་འཇར་མན་རྒྱལ་ས་བྷོན་ས་གནས་བོད་རིགས་ཚོ་ལའང་ཉམས་ཞིབ་པ་གཉིས་པོས་ཕྱི་ཚེས་ ༡༢ ཉིན་ཁོར་ཡུག་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit