ཟླ་བ་ ༡༡ ཚེས ༣ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༣ རེས་གཟའ་པ་སངས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ།  ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་བཀའ་ཆོས་སྩལ་ཡོད། 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། ཆོས་ཚོགས་གཉིས་ཀྱི་གཙོ་འཛིན་བཅས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན།   རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཨི་ཊ་ལི་དང་ཝེ་ཏི་ནམ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།

དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འདུས་མང་དང་། གྲྭ་ཚང་གི་སློབ་གཉེར་ཁང་གསར་སྐྲུན་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོ་དང་འབྲེལ་ནས་ཨི་ཊ་ལི་དགེ་འཕེལ་གླིང་ཆོས་ཚོགས་དང་  ཝེ་ཏི་ནམ་ཕན་བདེ་གླིང་ཆོས་ཚོགས་ཀྱིས་གཙོས་དད་ལྡན་སྦྱིན་བདག་དང་། སྐུ་མགྲོན། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་ཕྲུག་ཚོའི་ཕ་མ་དང་གཉེན་ཉེ། གཞན་ཡང་བཞུགས་སྒར་ཁུལ་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་དང་། ཕྱི་རྒྱལ་བ་སོགས་མི་གྲངས་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་དོན། 

དེ་རིང་འདིར་གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་རྐང་འཁུར་བཞེས་ཏེ་སློབ་གྲྭ་གསར་རྒྱག་ལེགས་པར་ཟིན་ནས་ཁ་སང་སྒོ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་པ་རེད། དེ་དང་འབྲེལ་ནས་དེ་རིང་རིན་པོ་ཆེའི་ཆོས་ཚོགས་ཁོངས་ཨི་ཊ་ལི་ནས་མི་མང་པོ་ཞིག་འདིར་སླེབ་ཡོད།   དེ་བཞིན་ཝི་ཏི་ནམ་ནས་མི་མང་པོ་ཞིག་ཀྱང་འབྱོར་ཡོད་སྟབས། ཆོས་འབྲེལ་ཞིག་བྱུང་ན་ཞེས་དང་།  ཆོས་འབྲེལ་དེ་ལམ་གཙོའི་བཤད་ལུང་བྱེད་རྒྱུ་གཏན་འཁེལ་བ་རེད།   དེ་དང་ཆབས་ཅིག་གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་གྲྭ་རྒྱུན་ནང་མོན་པའི་ཕྲུ་གུ་དེ་འདྲ་མང་པོ་ཞིག་ཡོད་པ་དེ་དག་གི་ཕ་མ་སྤུན་མཆེད་དང་གཉེན་ཉེ་མང་པོ་ཞིག་ཀྱང་དེ་རིང་འདིར་འབྱོར་ཡོད།  དེ་རིང་བཀའ་ཆོས་བྱེད་རྒྱུའི་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི་དེ་དག་ཡིན།

དེ་དང་ལྷན་ཁྱེད་རང་ཚོ་རྒྱ་གར་དུ་བོད་ནས་ཐོག་མར་འབྱོར་བ་གསར་འབྱོར་དེ་འདྲ་གང་ཙམ་འདུག  ངོས་ཀྱིས་ཆོས་འབྲེལ་མ་བྱེད་གོང་རྟག་པར་ཆོས་ཟེར་རྒྱུ་དེ་དགོས་མཁོ་ཡོད་མེད་དང་། སངས་རྒྱས་པའི་ཆོས་འདི་གང་འདྲ་ཡིན་པ་དེ་དག་ངོ་སྤྲོད་བྱེད་རྒྱུའི་ཐོག་ནས་སྔོན་ལ་ཆོས་ཟེར་རྒྱུ་འདི་དུས་རབས་ཉེར་གཅིག་པའི་ནང་འབྲེལ་བ་ཡོད་པ་ཞིག་དང་།   དེའི་ནང་ནས་སངས་རྒྱས་པའི་ཆོས་ནི་འབྲེལ་བ་ཡོད་པ་ཞིག་མཐོང་ཡོང་སྐབས།  སངས་རྒྱས་པའི་ཆོས་ཟེར་རྒྱུ་ནི་གང་འདྲ་ཡིན་པ་ངོ་སྤྲོད་བྱ་རྒྱུ་དང་། དེ་ལྟར་ངོ་འཕྲོད་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་རྒྱུ་ཞིག་བྱུང་བ་ཡིན་ན། གལ་ཆེ་དོན་ཆེན་བྱས་ནས་ཉམས་ལེན་བྱེད་རྒྱུ་ཞིག་ཡོང་གི་རེད། གཞན་འཆར་ཅན་ལྟ་བུར་ཕྱིན་ན་དགོས་པ་དེ་ཙམ་མི་འདུག 

ང་ཚོ་དུས་རབས་ཉེར་གཅིག་ནང་སླེབ་ཡོད། འདས་པའི་ལོ་བརྒྱ་ཉི་བརྒྱའི་ནང་ཕྱི་དངོས་པོའི་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ལྷག་པར་དུས་རབས་ཉི་ཤུའི་ནང་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། ཡར་རྒྱས་དེ་དང་འབྲེལ་བའི་མི་ལ་སྨན་བཅོས་དང་དཔལ་འབྱོར། ཕར་ཚུར་འགྲིམ་འགྲུལ་བྱེད་རྒྱུ་སོགས་ཀྱི་མཐུན་རྐྱེན་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། གང་ལྟར་མི་ཚེའི་འགྲོ་སྟངས་ལས་སླ་པོ་ཟེར་དགོས་སམ་སྟབས་བདེ་པོ་བཟོ་འདྲ་ཞིག་ཆགས་འདུག མི་ཚང་མར་འགྲེལ་བཤད་མི་དགོས་པར་དངོས་པོ་ཡར་རྒྱས་ཧ་ཅང་གལ་ཆེན་པོ་བརྩིས་ནས་དཔལ་འབྱོར་ economy ཞེས་གང་སར་འཆད་བཞིན་ཡོད། 

ང་ཚོའི་མི་རབས་གོང་མ་ཚོའི་བསམ་བློའི་ནང་གལ་ཏེ་དངོས་པོ་ཡར་རྒྱས་ཕྱིན་པ་ཡིན་ན། འཛམ་བུ་གླིང་ལ་ཞི་བདེ་ཡོང་རྒྱུའི་བཟོ་འདྲ་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད་བསམ་པའི་ཚོད་དཔག་ཕལ་ཆེར་བྱས་ཡོད།  འོན་ཀྱང་དེ་ལྟར་མ་བྱུང་བ་རེད།  དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་དངོས་པོ་ཡར་རྒྱས་ཀྱི་ཆ་རྐྱེན་དེ་དག་ད་དུང་སྡུག་བསྔལ་མང་བ་བཟོ་རྒྱུ། དཔེར་ན། དངོས་པོ་ཡར་རྒྱས་དང་འཕྲུལ་ཆས་ཡར་རྒྱས་རྐྱེན་པས་གོ་མཚོན་རིགས་ཧ་ཅང་ཡར་རྒྱས་ཕྱིན་པ་རེད། དེས་མི་ལ་དཀའ་ངལ་བཟོ་གཞི་དང་འཇིགས་སྣང་སྐྱེ་གཞི་ཆགས་པ་མ་ཟད། མཐའ་ན་མི་ཕན་ཚུན་གསོད་རེས་གཏོང་རྒྱུ་དེ་འདྲ་ཞིག་ཆགས་འདུག 

འདས་པའི་ཉིན་མ་གཉིས་གསུམ་ནང་ཆ་བཞག་ནའང་། དེ་འདྲའི་ཐོག་ནས་འཚེ་བའི་ལས་བྱེད་བཞིན་པ་སོགས་གང་ལྟར་འཛམ་གླིང་འདིའི་སྟེང་འཚེ་བ་བྱེད་རྒྱུ་དང་། འཚེ་བ་ཡོང་རྒྱུ་ནི་ལུས་ཀྱི་རྣམ་འགྱུར་ཁོ་ནའི་སྟེང་ནས་མིན་པར་སེམས་ཀྱི་ནང་ནས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་།  དེ་བཞིན་ཕྲག་དོག་དང་འགྲན་སེམས་རིགས་ཤུགས་ཆེན་པོ་སླེབ་ཡོང་སྐབས་མིས་མི་གསོད་རྒྱུས་མཚོན།  མི་གཅིག་གིས་གཅིག་ལ་བཤུ་གཞོག་གཏོང་རྒྱུ།  སྤྱི་ཚོགས་ནང་དབུལ་ཕྱུག་གི་དབྱེ་བ་ཧ་ཅང་ཡོད་པ་སོགས་ཕྱི་དངོས་པོ་ཁོ་ནར་བསམ་བློ་གཏང་བ་མ་གཏོགས་བྱམས་པ་དང་བརྩེ་བ་སོགས་ནང་གི་ཡོན་ཏན་ཐོག་དོ་སྣང་གང་ཡང་མ་བྱེད་པར་ད་ལྟའི་འཛམ་གླིང་འདི་ཕྱི་དངོས་པོ་ཡར་རྒྱས་ཚད་མཐོན་པོ་སླེབ་ཡོད་ཀྱང་མིས་མི་གསོད་རེས་དང་སྡུག་པོ་གཏོང་བ། ཆོད་དད་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གསོད་རེས་གཏོང་བ་དེ་དག་བློ་ཡུལ་ལས་འདས་པ་ཞིག་རེད། 

རིས་མེད་ཆོས་ལུགས་ཁག་ཚང་མས་བྱམས་བརྩེ་དང་། བཟོད་པ། ཆོག་ཤེས་སོགས་བཟང་པོའི་བསླབ་བྱ་གཅིག་གྱུར་གསུང་གི་ཡོད། འོན་ཀྱང་དེ་ལྟར་གསུང་མཁན་ཆོས་ལུགས་ཚང་མས་རྙོག་གྲ་བཟོས་ནས་དེང་སྐབས་འབར་མའི་ནང་ཆ་བཞག་ནའང་། སངས་རྒྱས་པའི་ཆོས་པས་ཞེན་ཁོག་བྱས་ནས་འབར་མའི་ནང་ཡོད་པའི་ཁ་ཆེའི་ཆོས་པ་ཆོར་སྡུག་སྦྱོང་བཏང་བ་དེ་འདྲ་ཡོང་གི་འདུག   ཁ་ཆེ་ནང་ཁུལ་ཆ་བཞག་ནའང་  Shia དང་ Sunni དབར་གསོད་རེས་བཏང་བ། དེ་བཞིན་ཡི་ཤུ་དང་ཁ་ཆེའི་དབར་གསོད་རེས་བཏང་བ་དེ་དག་ཧ་ཅང་ཐབས་སྐྱོ་བོ་འདུག  ད་ཆ་ང་ཚོ་ཚང་མ་འདིར་མང་ཇའི་ཇ་འཐུང་བག་ལེབ་ཟ་ནས་ཞི་བདེའི་ངང་སྡོད་ཡོད། འོན་ཀྱང་དུས་ཡུན་འདི་རང་ལ་ང་ཚོ་མི་གཅིག་པ་ཡིན་པ་མང་པོ་ཞིག་གསོད་རེས་གཏོང་གི་ཡོད། ས་ཁུལ་ཁག་མང་པོ་ལ་མུ་གེའི་འཆི་གི་འདུག ཕྲུག་གུ་ཆུང་ངུ་དེ་འདྲ་སྐྱབས་མེད་མགོན་མེད་ཧ་ཅང་སྐྱོ་བོའི་ངང་འཆི་བཞིན་འདུག་པ་དེ་དག་འཛམ་གླིང་གི་ཆ་རྐྱེན་དེ་དག་སྤྱི་ལ་ཕན་པ་ཞིག་དང་གཞན་ལ་ཕན་པའི་ཐོག་ལ་བསམ་བློ་བཏང་ནས་ཕྱིན་པ་ཡིན་ན། དེ་འདྲའི་མུ་གེ་ཕལ་ཆེར་ཡོང་གི་མ་རེད། མི་གསོད་རེས་གཏོང་རྒྱུ་ཕར་བཞག་ཕལ་ཆེར་མུ་གུ་ཡོང་གི་མ་རེད། དེར་བརྟེན་ད་ལྟའི་འཛམ་གླིང་གི་གནས་སྟངས་འདི་འགྲིག་གི་འདུག་གམ་ཞེ་ན། གཞན་ལ་བསམ་བློ་ཁྱོན་ནས་མ་བཏང་བར་སོ་སོ་གཅིག་པོ་འགྲིག་ཙམ་ལ་ཁྱོག་བཤད་བྱས་ནས་སྡོད་པ་ཡིན་ན་གནས་ཚུལ་ཁག་ཁག་རེད། ང་ཚོ་མི་གཅིག་པ་ཡིན་པའི་བསམ་བློ་ཕྲན་བུ་ཡོད་ན། འཛམ་གླིང་འདི་ཧ་ཅང་ཐབས་སྐྱོ་བོ་འདུག འཛམ་གླིང་འདིའི་སྟེང་སྐྱེ་རྒ་ན་འཆིའི་མཚོན་པའི་ལྷན་སྐྱེས་ཀྱི་སྡུག་བསྔལ་ཡོད་པའི་ཐོག་ལ་མིས་བཟོས་པའི་སྡུག་བསྔལ་ཧ་ཅང་མང་པོ་མཐོང་བཞིན་ཡོད་པ་མ་ཟད། མང་པོ་ཞིག་གི་མྱོང་བཞིན་ཡོད་སྟབས། ད་ལྟའི་འཛམ་གླིང་གི་གནས་སྟངས་འདི་འགྲིག་གི་འདུག སོ་སོའི་སྟེང་ཆག་སྒོ་རིགས་མ་བྱུང་ན་འགྲིག་གི་འདུག ཅེས་བརྗོད་པ་ཡིན་ན། མ་རུང་བ་རེད།དུད་འགྲོར་རྣམ་དཔྱོད་ཀྱི་ཀླད་པ་མེད་སྟབས་རྒྱ་ཆེན་པོའི་བསམ་བློ་གཏོང་མི་ཐུབ། འོན་ཀྱང་སོ་སོའི་ཁོར་ཡུག་དེ་དག་གཅིག་གིས་གཅིག་ལ་བརྩེ་བ་བྱེད་རྒྱུ་དེ་འདྲ་ཡོང་གི་འདུག ང་ཚོ་མི་ཞིག་ཡིན་པའི་ངོས་ནས་འགྲོ་བ་མི་གཅིག་གྱུར་ལ་མིས་བཟོས་པའི་དཀའ་ངལ་འཕྲད་བཞིན་པ་འདིར་སྨོན་ལམ་བརྒྱབ་པ་གཅིག་པུའི་འགྲིག་ཐབས་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་བཅས།།

Share with your friends










Submit