ཟླ་བ་ ༡༡ ཚེས ༢༠ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཟླ་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རེས་གཟའ་ཉི་མའི་ཉིན་ཉམ་བྱིས་པ་སྲུང་སྐྱོབ་ཐེབས་རྩ་ཁང་ Smile foundation གི་བྱིས་པའི་འཛམ་བུ་གླིང་། ཞེས་པའི་ལས་གཞི་དབུ་འབྱེད་མཛད་སྐབས་གསར་འགོད་པ་རྣམས་ལ་བཀའ་སློབ་སྩལ་བ་ཞིག་རྒྱ་གར་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ Indo Asian News Service ནང་གནས་ཚུལ་སྤེལ་བ་ལྟར་ན།  སྐབས་དེར་༸གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་བཀའ་སློབ་སྩལ་དོན།    རྒྱ་དཀར་ནག་གཉིས་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་ཤུགས་ཆེ་ཡོད་པ་ནི་རྒྱ་ནག་ཐང་རྒྱལ་རབས་སྐབས་ཧུན་ཙང་ Hsuan Tsang  གི་རྒྱ་གར་དུ་ཕེབས་ནས་ནཱ་ལེནྡཱར་སློབ་གཉེར་གནང་བ་མ་ཟད།  ཕྱིས་སུ་རྒྱ་ནག་ཏུ་ནང་པའི་བསྟན་པ་དར་སྤེལ་གནང་ཡོད་འདུག 

ངོས་ཀྱི་བསམ་པར་རྒྱ་དཀར་ནག་གཉིས་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་མཉམ་རུབ་ཐོག་ནས་བྱམས་བརྩེ་དང་ཞི་བདེ་གོང་འཕེལ་གཏོང་རྒྱུའི་ཐོག་ལས་འགུལ་སྤེལ་ཐུབ་ཚེ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཧ་ཅང་ཐེབས་ངེས། དངོས་ཡོད་གནས་ཚུལ་ཐོག་ནས་བརྗོད་ཀྱང་མི་འབོར་ཐེར་འབུམ་གཉིས་ཡོད་པ་དེ་དག་ཕན་ཚུན་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན་ནུས་པ་ཇི་ཙམ་འཐོན་ཐུབ་རྒྱུ་ཡིན་པ་དེར་ང་ཚོས་བསམ་བློ་ཞིག་ཐོངས་དང་།     དེ་འདྲ་མ་ཡིན་པར་རྒྱ་དཀར་ནག་གཉིས་ཕན་ཚུན་གཅིག་གིས་གཅིག་རྩ་མེད་བཟོ་རྒྱུ་ཟེར་བ་ཡོང་ཐབས་རྩ་བ་ནས་མེད།   དེར་བརྟེན་འདོད་རུང་མ་འདོད་རུང་རྒྱ་དཀར་ནག་གཉིས་དུས་ནམ་ཡང་ཁྱིམ་མཚེས་བྱས་ནས་གནས་དགོས་པ་ཡིན།

རྒྱ་གར་གནའ་རབས་དཔལ་ནཱ་ལེནྡཱའི་ལྟ་གྲུབ་སྨྲ་བ་ཡོངས་སུ་རྫོགས་པ་རྒྱ་གར་བ་ཡིན།  དེར་བརྟེན་ནཱ་ལེནྡཱའི་རིག་གཞུང་འདི་རྒྱ་གར་རང་ཉིད་ཀྱི་རིག་གཞུང་ཡིན།  གནའ་སྔ་མོར་བོད་མི་ཚོ་དམག་རྒྱག་རྒྱུར་དཔའ་ངར་ཧ་ཅང་ཡོད་ཀྱང་ཕྱིས་སུ་བོད་ལ་དཔལ་ནཱ་ལེནྡཱ་རིག་གཞུང་དར་བ་ནས་རིམ་བཞིན་འཚེ་བའི་ལས་སྤངས་ཏེ་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་ཆགས་ཐུབ་པ་བྱུང་ཡོད།

དེར་བརྟེན་སྐབས་ཤིག་ངོས་ཀྱི་ལྡི་ལིར་རྒྱ་གར་གྲོགས་པོ་ཚོ་ལ་རྩེད་མོ་དང་སྦྲགས་གལ་ཏེ་བོད་མི་ཚོས་སོག་པོ་ལྟར་དམག་བརྒྱབ་ནས་ཕྱིན་པ་ཡིན་ད་གཟོད་རྒྱ་ནག་གིས་ཕལ་ཆེར་བོད་ལ་དབང་སྒྱུར་བྱས་ཐུབ་མེད།  ཅེས་ཤོད་བཞིན་ཡོད།   འཚེ་བ་འདོད་མཁན་སུ་གཅིག་མེད།  འོན་ཀྱང་འཚེ་བའི་ལས་འགུལ་མུ་མཐུད་སྤེལ་བཞིན་པར་བརྟེན་དཀའ་ངལ་མུ་མཐུད་ནས་འཕྲད་བཞིན་འདུག   དེ་ནི་གཙོ་བོ་ང་ཚོའི་བསམ་བློ་དེ་ཆགས་སྡང་སོགས་ཉོན་མོངས་པའི་བསམ་བློའི་གཞན་དབང་དུ་ཚུད་ནས་ཕུགས་རྒྱང་རིང་པོའི་བསམ་བློ་མ་འཁོར་བར་མིག་རྒྱང་ཐུང་ཐུང་བྱས་ནས་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་ཡོང་བཞིན་ཡོད།

རྙོག་གྲ་འདོད་མཁན་སུ་གཅིག་ཀྱང་མེད།   འོན་ཀྱང་རྙོག་གྲ་ཆེད་མངགས་ང་ཚོས་བཟོ་བཞིན་ཡོད།  དེང་དུས་ཤེས་ཡོན་ལམ་ལུགས་དེ་གཙོ་བོ་ཕྱི་དངོས་པོ་དཔལ་འབྱོར་ཡར་རྒྱས་ལ་དམིགས་པ་ཞིག་རེད།  དེར་བརྟེན་ཕྱི་དངོས་པོའི་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་ཙམ་མིན་པར་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཆེད་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་རྒྱ་གར་གྱིས་ཏན་ཏན་བཟོ་ཐུབ།  དེ་འདྲ་བཟོ་རྒྱུའི་ནུས་པའང་རྒྱ་གར་ལ་ལྡན་ཡོད། ཅེས་བཀའ་སློབ་སྩལ།།

 

Share with your friends










Submit