མདུན་ཤོག » Flash Mobile » གསར་གནས། »

འཇར་མན་གྱི་རྒྱལ་ས་སྦོན་ནང་བརྟེན་གཞི་བྱེད་པའི་བོད་ཀྱི་ཁོར་ཡུག་ཐོག་གསུང་བཤད་གོ་སྒྲིག་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༤ རེས་གཟའ་མིག་དམར།

བདེ་ཆེན་དཔལ་མོ་ལགས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་བདེ་ཆེན་དཔལ་མོ་ལགས་གཉིས་ནས་འཇར་མན་གྱི་རྒྱལ་ས་སྦོན་ནང་གི་ས་གནས་བོད་རིགས་ཚོར་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་གསུང་བཤད་གནང་འདུག  སྤྱིར་ཁོང་རྣམ་གཉིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ ནས་ ༡༧ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ (COP23) ཐོག་བཅར་བ་ཞིག་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག་གོ་ལའི་ཁོར་ཡུག་ལྷན་ཚོགས་དེ་འཛམ་གླིང་ནང་ཁོར་ཡུག་ཚོགས་ཆེན་ཆེ་ཤོས་ཡིན་ཞིང་།   ལྷན་ཚོགས་དེར་རྒྱལ་ཁབ་ ༢༠༠ ཙམ་གྱི་སྐུ་ཚབ་མཉམ་ཞུགས་གནང་འདུག   དེ་ཡང་བོད་རིགས་རྣམས་ལ་ཁོར་ཡུག་སྐོར་གསུང་བཤད་གནང་སྐབས་ཐོག་མར་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་ཁོང་རྣམ་གཉིས་ངོ་སྤྲོད་སྙིང་བསྡུས་ཤིག་གནང་དོན།  ཁོར་ཡུག་ཚོགས་ཆེན་འདི་ལྟ་བུའི་ནང་བོད་མིའི་སྐུ་ཚབ་ཁྱེད་རྣམ་གཉིས་བཅར་རྒྱུ་བྱུང་བར་ང་ཚོ་བོད་མི་རྣམས་ཧ་ཅང་དགའ་སྤོབས་སྐྱེས་བྱུང་།   ཞེས་གསུངས།

དེ་ནས་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མཐོ་སྒང་གི་ས་ཆ་འདི་ཧ་ཅང་གནད་འགག་ཆེན་པོ་ཞིག་དང་གོ་ལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཐོག་ནས་ཀྱང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད་པ།  དེ་བཞིན་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐོག་ཉམས་མྱོང་གང་བྱུང་བའི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་འདུག

ཕྱོགས་མཚུངས་བདེ་ཆེན་དཔལ་མོ་ལགས་ཀྱིས་བོད་ཀྱི་གཙང་ཆུ་དེ་གལ་ཆེན་པོ་ཡིན་པའི་སྐོར་ལ་གསུང་བཤད་གནང་བ་དང་སྦྲགས།  གཙང་པོ་དེ་དག་ཐོག་རྒྱ་ནག་གཞུང་གིས་གང་བྱུང་ཆུ་མཛོད་བརྒྱབ་དང་རྒྱག་བཞིན་ཡོད་པར་བརྟེན་གཙང་ཆུ་དེ་དག་ལ་ཉེན་ཁ་འཕྲད་བཞིན་ཡོད་སྐོར་སོགས་གསུང་པ་མ་ཟད།  ས་གནས་བོད་མི་རྣམས་ཀྱིས་ཁོང་གཉིས་ལ་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་ཞུས་འདུག

ཉམས་ཞིབ་པ་ཁོང་གཉིས་ཀྱིས་རྒྱལ་ས་སྦོན་གྱི་གཙུག་ལག་སློབ་གཉེར་ཁང་ Bonn University དུའང་བོད་ཀྱི་ཁོར་ཡུག་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།

 

 

Share with your friends










Submit