མདུན་ཤོག » Uncategorized »

བྱིས་པའི་ཉིན་མོ་སྲུང་བརྩི་ཞུས་པ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ལྷག་པ།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ཉིན་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བྱིས་པའི་ཉིན་མོ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་བ་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༩་༣༠ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སློབ་གྲྭའི་གཞས་མཁྱེན་པའི་ཡེ་ཤེས་རྔ་རོལ་དང་བཅས་བཏང་བ་དང་། དེའི་རྗེས་སློབ་དགེ་དོན་གྲུབ་ཚེ་རིང་ལགས་ཀྱིས་མཛད་རིམ་ངོ་སྤྲོད་དང་འབྲེལ་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་སྐོར་ངོ་སྤྲོད་གསུང་བཤད་སྙིང་བསྡུས་ཤིག་གནང་རྗེས་སློབ་གྲྭའི་སྡེ་ཚན་སོ་སོའི་དགེ་ལས་རྣམས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་འཁྲབ་སྟོན་ཞུས།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་ནི་རྒྱ་གར་རྒྱལ་ཡོངས་ནང་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་བྱིས་པའི་ཉིན་མོར་སྲུང་བརྩི་གཟབ་རྒྱས་ཞུ་གི་ཡོད་པས་འདིར་འཛོམས་པའི་བོད་ཁྱིམ་གྱི་སྤྱི་ཁྱབ་དབུ་འཛིན་གཙོས་འགོ་ལས་ཡོངས་དང་། ལྷག་པར་སློབ་མ་རྣམས་ལ་བཅོས་མིན་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་པ་དང་འབྲེལ། པཎྜིཏ་ནེ་རུ་མཆོག་ནི་རྒྱ་གར་གྱི་བྱིས་པ་ཙམ་མ་ཡིན་པར་རང་རེའི་བོད་མི་སྐྱབས་བཅོལ་བའི་བྱིས་པ་རྣམས་ལའང་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པ་དང་། དམ་པ་ཁོང་གི་ཕུགས་འགྱང་རིང་པོའི་ལམ་སྟོན་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་པའི་སློབ་གྲྭ་ཁག་ཟུར་དུ་འཛུགས་ཐུབ་པ་བྱུང་ཡོད་པ་ཙམ་མ་ཟད། བཙན་བྱོལ་བོད་མིའི་བྱིས་པ་བརྒྱ་ཕྲག་མང་པོར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གྱི་གོ་སྐབས་བཟང་པོ་ཐོབ་ཡོད་སྐོར་དང་། དེ་བཞིན་བོད་མིའི་གཞིས་ཆགས་ཁག་གསར་འཛུགས་གནང་རྒྱུས་མཚོན་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་བརྒྱུད་འཛིན་ཡོང་ཐབས་སུ་རོགས་འདེགས་རྒྱ་ཆེ་གནང་ཡོད་པས། དེ་རིང་ཉིན་མོ་འདིར་དམ་པ་ཁོང་གི་བཀའ་དྲིན་རྗེས་དྲན་གནང་རྒྱུ་གལ་ཆེ་ཡིན་པ་དང་། དེ་བཞིན་བོད་པའི་སློབ་མ་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་དང་བོད་མི་རིགས་འཛུགས་བསྐྲུན་བྱེད་མཁན་གྱི་མི་རབས་ཤིག་ཡིན་པས་རྩ་ཆེའི་གོ་སྐབས་འདི་ཆུད་ཟོས་སུ་མ་གཏང་བར་ཤེས་བྱ་ཡོན་ཏན་ཐོག་ལ་རྒྱུན་བསྲིངས་ནས་ཤུགས་རྒྱག་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་།

ཕྱོགས་མཚུངས་འཕྲོད་བསྟེན་ཐོག་ལའང་ཐུགས་སྣང་ཡིད་གཟབ་ཀྱིས་ཟས་བཅུད་མེད་པའི་རྔན་པའི་རིགས་བཟའ་བཏུང་གནང་ཐལ་མེད་པ་དང་། ལྷག་པར་མྱོས་རྫས་ལང་ཤོར་རིགས་ལ་ལོངས་སུ་སྤྱོད་མི་རུང་བ་སོགས་བཀའ་སློབ་ལམ་སྟོན་གནང་། དེ་རྗེས་སློབ་ཕྲུག་བོད་ཡིག་ཡིག་རྒྱུགས་རྩེད་ཕུད་རྣམས་དང་ཀློག་རྩལ་ལེགས་གྲས་རྣམས་ལ་བྱ་དགའ་གསོལ་རས་གནང། དེ་རྗེས་སློབ་གྲྭའི་རྒན་བདག་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་རྒན་བདག་གསར་པ་རྣམས་ལ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་དང་དམ་བཅའ་འབུལ་བཞེས་གནང། མཇུག་ཏུ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་རྗེས་སློབ་གྲྭའི་ངེས་སྟོན་པ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ། ཉིན་རྒྱབ་སློབ་ཕྲུག་དང་དགེ་ལས་དབར་སིལ་སྤོལ་དང་རྐང་སྤོལ་འགྲན་བསྡུར་གནང་ཡོད་པ་བཅས།།

Share with your friends










Submit