ཟླ་བ་ ༡༡ ཚེས ༡༧ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༡༧ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་འོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་བཞི་ལ་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༤ ཉིན་གྱི་དགོང་དྲོ་ཕ་རན་སི་རྒྱལ་ཁབ་ཏུ་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྦེལ་ཇམ་ནས་ཕེབས་ཐོན་གནང་སྟེ་ཕ་རན་སི་མེ་འཁོར་འབབ་ཚུགས་སུ་འབྱོར་འཕྲལ་ཕ་རན་སི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་མཐུད་པ་དང་། ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག  ས་གནས་དབུས་གཙང་ཆོལ་ཁ། ས་གནས་མདོ་སྨད་ཆོལ་ཁ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་ཕ་རན་སི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མི་ཤཱལ་རེ་སོན། (Michel Raison, President) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་རི་སི་ཨན་ཊི་སིཏི་ (Maurice Antiste) ལགས།   གཞན་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷི་ཡུམ ཨར་ནེལ་ (Guilaume Arnell)  ལགས། ལྕམ་སྐུ་ཨན་ནིག་བཱེ་ལོན་ (Annick Billon) ལགས། ལྕམ་སྐུ་ཇཱ་ཁུས་ལན་ཨེ་སུཊ་ཆེ་བེ་ནོན་ (Jacqueline Eustache Brinio) ལགས། སྐུ་ཞབས་ཨན་ཌིས་གྷཏོན་ (Andre Gattolin) ལགས།  སྐུ་ཞབས་ཇན་ཧྥ་རན་སིས་ལོ་གི་ཏི (Jean Francois Longeot) ལགས། ལྕམ་སྐུ་པཱ་ཊི་ཤི་ཡ་མོ་ཧི་ཏི་ (Patricia Morhet-Richaud) རྣམས་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་། དེ་བཞིན་འབྱུང་འགྱུར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད། སྐབས་དེར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཚོར་ཤུགས་ཆེན་པོའི་ངང་བོད་དོན་ཐོག་ལས་དོན་མུ་མཐུད་གནང་རྒྱུའི་དམ་བཅའ་བཞག་གནང་འདུག

ཕྱོགས་མཚུངས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕ་རན་སི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་གཞོན་པ་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་རྗེས། ཕ་རན་སི་རྒྱལ་ཡོངས་བརྙན་འཕྲིན་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུས་གནང་ཡོད།

དེ་ཉིན་ཕྱི་དྲོ་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པས་རིག་པ་ཆོས་ཚོགས་ཀྱི་ཚོགས་ཁང་ནང་གོ་སྒྲིག་གནང་བའི་ཚོགས་འདུར། སྤྱི་འཐུས་རྣམ་པ་བཞིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། བོད་ནང་གི་ཛ་དྲག་གནད་དོན་དང་སྐད་ཡིག་སྲུང་སྐྱོབ་སྐོར་བཅས་ཀྱི་བརྗོད་གཞིའི་ཐོག་ས་གནས་བོད་རིགས་མི་མང་རྣམས་ལ་གསུང་བཤད་གནང་བ་མ་ཟད། དྲི་བ་དྲིས་ལན་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།
དགོང་མོ་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པས་གསོལ་ཚིགས་འདེགས་འབུལ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ། །

Share with your friends










Submit