Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ལྷག་པ།

༄༅། །ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཙམ་ཡིན་པ་གྲྭ་བསྟན་དགའ་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག

ཁོང་འདས་གྲོངས་སུ་གྱུར་རྗེས་སྐུ་ཕུང་ནང་མིའི་ལག་ཏུ་རག་མེད་པ་མ་ཟད་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་བྱུང་རྗེས་ས་གནས་ལ་རྒྱ་གཞུང་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་དཀར་མཛེས་རྫོང་ཁུལ་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་སྟབས་ས་གནས་སུ་འབྲེལ་གཏུག་བྱ་དཀའ་བར་བརྟེན།  ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ།

གཞི་རྩའི་གྲྭ་བསྟན་དགའ་ལགས་ནི་དཀར་མཛེས་རྫོང་དང་ཐག་ཉེ་བའི་མདའ་མདོ་གྲོང་ནས་ཡིན་ཞིང་ཁོང་ལ་ཕ་མ་གཅིག་པའི་སྤུན་མཆེད་གསུམ་ཡོད་འདུག སྤུན་མཆེད་གཉིས་ལྷ་སར་གཏན་སྡོད་གནང་བཞིན་པ་དང་སྤུན་མཆེད་བུ་མོ་གཅིག་རང་ཁྱིམ་དུ་གཏན་སྡོད་གནང་བཞིན་ཡོད་འདུག  ཁོང་གི་ཁྱིམ་ཚང་འཚོ་བའི་གནས་སྟངས་གང་ལེགས་ཡོད་འདུག ལྷག་དོན་དམ་པ་ཁོང་གིས་ཕ་ཡུལ་གྱི་མང་ཚོགས་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་གི་ཡོད་སྟབས་མང་ཚོགས་ཁྲོད་དམ་པ་ཁོང་ལ་རྒན་བསྟན་དགའ་ཞེས་འབོད་སྲོལ་འདུག    ཁོང་གིས་རང་ལུས་ལ་མེ་འབར་བཞིན་དུ་བོད་ལ་རང་དབང་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་ཉེ་འགྲམ་བོད་མི་ཚོད་གོ་ཐོས་བྱུང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགེ་འདུན་པ་ཁོང་རང་ལུས་མེར་སྲེག་འོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ལ་སེམས་འཚབ་ཧ་ཅང་གནང་བ་དང་སྦྲགས་གསུང་དོན། བོད་མི་སྐྱ་སེར་རྒན་དར་གཞོན་གསུམ་གྱི་ཁྲོད་ཕོ་མོ་དབྱེར་མེད་ཐོག་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པ་མཐོང་སྐབས་སེམས་འཚབ་ཧ་ཅང་སྐྱེ་བཞིན་འདུག   རྒྱ་ནག་གཞུང་གི་དམ་བསྒྲགས་སུན་གཙེར་འོག་བོད་མི་རྣམས་ཞི་བདེའི་འཚོ་བ་བསྐྱལ་རྒྱུར་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད་པ་གནས་ཚུལ་འདི་རིགས་ནས་ཧ་ཅང་གསལ་པོར་མཚོན་ཐུབ།  ད་ཆ་རྒྱ་ནག་གཞུང་གིས་བོད་མི་ཚོའི་མངོན་འདོད་ལ་ཉན་འཇོག་དང་བརྩི་བཀུར་ཞུ་ཐོག བོད་མིར་རང་དབང་སྤྲོད་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས།

རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་ངེས་པར་དུ་སེལ་ཐབས་གནང་དགོས།  བོད་ཀྱི་གནད་དོན་གསལ་ཆེད་ཐབས་ལམ་ཡག་ཤོས་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་བའི་ཐོག་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མིའི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་དེ་ཡིན། ཞེས་གསུངས།

བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༥༠ ཡོད་ཁོངས་ནས་ལོ་འདིའི་ནང་བོད་མི་ལྔས་རང་ལུས་མེར་སྲེག་བཏང་ཡོད་པ་བཅས།།

Share with your friends










Submit