མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

ཕྱི་ལོ་ ༢༡༠༠ ནང་ཚུད་ལ་བོད་ཀྱི་འཁྱགས་རོམ་གསུམ་ཆ་གཉིས་རྩ་ཡལ་དུ་འགྲོ་རྒྱུ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༧ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣ ཉིན་གྷོ་ཧ་ཌི་ས་གནས་སུ་བྷ་ལི་པ་ར་ཐེབས་རྩ་ཁང་ Balipara Foundation གི་གོ་སྒྲིག་འོག་གསར་འགོད་ལྷན་ཚོགས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།  ཨི་ཤི་ཡའི་ནང་ཆུའི་དཀའ་རྙོག་འཕྲད་བཞིན་ཡོད་པ་དེ་རྒྱ་ནག་གིས་བོད་ཀྱི་གཙང་ཆུ་ཆེ་ཁག་ལ་རང་སྣང་གང་དྲན་གྱི་སྲིད་བྱུས་ལག་བསྟར་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་།   ཆུ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་དང་།  འབྱུང་འགྱུར་རྒྱལ་ཁབ་ཕན་ཚུན་ཆུའི་གནད་དོན་ཐོག་ནས་རྙོག་གྲ་ཆེན་པོ་ཞིག་ཡོང་ངེས་ཡིན།  རྒྱ་ནག་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་ཁ་ཕྱོགས་བསྒྱུར་ནས་བོད་ཀྱི་གཙང་ཆུ་ཆེ་ཁག་རྣམས་བདག་བཟུང་བྱ་རྒྱུའི་འཆར་གཞི་འདིང་བཞིན་ཡོད།  འཆར་གཞི་དེ་དོན་འཁྱོལ་བྱུང་ཚེ་བོད་ཀྱི་གཙང་ཆུ་ཆེ་ཁག་རྒྱུག་སའི་གཤམ་འོག་རྒྱལ་ཁབ་ནང་གི་མི་འབོར་ཐེར་འབུམ་ ༡་༤ ལ་ཆུའི་དཀའ་ངལ་འཕྲད་ངེས་ཡིན།

རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་མཐོ་སྒང་གི་ཆུའི་བདག་དབང་བོད་མི་ཚོར་ཡོད་པ་ཞིག་བཟོ་ཐུབ་དགོས་པ་མ་ཟད།   རྒྱ་ནག་གིས་བོད་ནང་ཡར་རྒྱས་ཀྱི་ལས་འཆར་སྤེལ་བཞིན་པའི་ཐོག་བོད་མིར་བསམ་ཚུལ་ཤོད་རྒྱུའི་ཐོབ་ཐང་སྤྲོད་དགོས།  འདི་ནི་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར་ཁོར་ཡུག་གི་གནད་དོན་ཛ་དྲག་ཅིག་ཆགས་ཡོད། ལྷག་པར་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆུ་བགོ་འགྲེམས་བྱ་རྒྱུའི་ཆིངས་དོན་ལ་མཚན་རྟགས་འགོད་ནས་བོད་ཀྱི་གཤམ་འོག་རྒྱལ་ཁབ་ཁག་གི་ཆུའི་དཀའ་ངལ་སེལ་ཐབས་བྱེད་དགོས། ཞེས་གསུངས།

དེ་བཞིན་གོ་ལའི་ཚ་དྲོད་འཕེལ་བ་དང་མིའི་བྱ་སྤྱོད་ལ་བརྟེན་ནས་བོད་མཐོ་སྒང་གི་ས་འོག་འཐུང་ཆུ་ཉུང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་སྐོར་གསུང་དོན། བོད་མཐོ་སྒང་གི་འཁྱགས་རོམ་བརྒྱ་ཆ་ ༥༠ བཞུར་ནས་རྩ་མེད་དུ་གྱུར་ཟིན་པ་དང་།  འཁྱགས་རོམ་གྲངས་ ༤༦༠༠༠ ཡོད་པ་ནས་གསུམ་ཆ་གཉིས་འབྱུང་འགྱུར་ཕྱི་ལོ་༢༡༠༠ ནང་ཚུད་ལ་གཞུར་ནས་རྩ་ཡལ་དུ་འགྲོ་ཉེན་ཡོད།  ཛ་དྲག་གནས་སྟངས་འདི་ལྟ་བུ་སྔོན་འགོག་ཆེད་རྒྱལ་ཁབ་ཚང་མས་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་དགོས། ཞེས་གསུངས། ལྷན་ཚོགས་སྐབས་གསར་འགོད་ཚན་པ་གྲངས་ ༢༥ ནས་མཉམ་ཞུགས་གནང་འདུག་པ་བཅས།།

Share with your friends










Submit