མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

ནོར་ཝེ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་རྒྱུའི་ཁས་ལེན་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་༢༠༡༧ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉིན་གྲངས་གཉིས་རིང་གི་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་འཚམས་གཟིགས་ལེགས་པར་གྲུབ་ཡོད་པ་མ་ཟད། ཡུལ་དེའི་ཉིན་རེའི་གསར་ཤོག་གྲགས་ཆེ་ཤོས་ཨབ་ཏེན་པོ་སི་ཏེན་ Aftenposten ཞེས་པའི་བཅར་འདྲི་དང་ལེན་གནང་འདུག

དེ་ཉིན་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནོར་ཝེའི་གྲོས་ཚོགས་ནང་ཕེབས་ནས་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨོ་ལ་ཨེལ་ཝེ་སི་ཊན་ Mr Ola Elvestuen མཆོག་དང་།   ནོར་ཝེའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་དྲུང་ཆེ་ཟུར་པ་དང་ནོར་ཝེ་གཡོན་ཕྱོགས་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་འཐུས་མི་སྐུ་ཞབས་པེ་ཊར་ཨེ་ཌེ་ Mr Petter Eide ལགས་རྣམ་གཉིས་དང་འཇལ་འཕྲད་གནང་འདུག

སྐབས་དེར་ཁོང་རྣམ་གཉིས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་གསལ་འདོན་བ་མ་ཟད།   ནོར་ཝེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་རྒྱུ་ཡིན་སྐོར་གསུང་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་འདུག

མཇལ་འཕྲད་སྔོན་དང་གསར་ཤོག་གི་བཅར་འདྲི་དང་ལེན་མ་གནང་བའི་བར་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧེལ་སིངྐི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་ Norwegian Helsinki Committee གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨན་གེས་ལེན་ཌ་ Engesland མཆོག་དང་ལྷན་ཉིན་གུང་གི་ཞལ་ལག་ལྷན་བཞེས་གནང་ཡོད།

ཉིན་མཐའ་མར་སྲིད་སྐྱོང་མཆོག་གིས་རྒྱལ་ས་ཨོ་སི་ལོར་རྟེན་གཞི་བྱས་པའི་སི་ཝི་ཊ་ CIVITA ཞེས་སྲིད་བྱུས་སློབ་སྟོན་ཁང་གཙོ་གྲས་ཤིག་ཡོད་པ་དེས་གོ་སྒྲིག་འོག  གུ་ཡངས་མང་གཙོའི་རིང་ལུགས་ཀྱི་སྲིད་གཞུང་ཁག་གིས་རྒྱ་ནག་དང་ལྷན་འབྲེལ་གནང་སྐབས་དཔལ་འབྱོར་ཁེ་ཕན་གཙོ་ཆེའམ་འགྲོ་བ་མིའི་ཐོབ་ཐང་གཙོ་ཆེ། ཞེས་པའི་བརྗོད་གཞིའི་ཐོག་ཞོགས་ཟས་དང་ལྷན་བགྲོ་གླེང་ལྷན་ཚོགས་སྐབས་གསུང་བཤད་གནང་འདུག  བགྲོ་གླེང་གནང་མཁན་གཞན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཇོན་པེ་ཌར་ John Peder Egenæs མཆོག་སོགས་ཕེབས་ཡོད་པ་བཅས།།

Share with your friends










Submit