ཟླ་བ་ ༡༡ ཚེས ༣༠ ༢༠༡༧
Published By b

༢༠༡༧ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ ཉིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་རྩ་གཉིས་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།

དེ་རིང་ནོར་གླིང་དབུས་བརྣེས་ནས་མི་ལོ་ ༢༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་དུས་དྲན་སྲུང་བརྩི་ཞུ་རྒྱུ་དེ་ཡང་སྤོབས་པ་དང་ལྡན་པའི་ཐོག་ནས་ཞུ་ཆོག་གི་རེད་དྲན་གྱི་འདུག གང་ཡིན་ཞེ་ན། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་དང་། ཐུགས་སྨོན་མཚམས་སྦྱོར་དེ་འདྲའི་ཐོག་ནས་དབུ་བཙུགས་པ་ནས་བཟུང་ད་བར་དངོས་འབྲེལ་གྲུབ་འབྲས་ཧ་ཅང་ཆེན་པོ་བྱུང་ཡོད།  དེ་ཡང་བོད་ཀྱི་རིག་གཞུང་གི་ཆ་ཤས་མང་པོའི་ཐོག་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ། སྒྱུ་རྩལ་རིགས་མང་པོ་སླར་གསོ་གནང་སྟེ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད། ང་རང་ཡིན་ནའང་རྒྱུན་ལྡན་ནས་ནོར་གླིང་ནས་ཐོན་སྐྱེད་བྱུང་བའི་དངོས་པོ་དེ་དག་ལ་ཡིད་འཕྲོག་ནས་རྗེས་སུ་ཡི་རངས་ཞུ་མཁན་ཞིག་ཡིན། 

ལྷག་པར་བོད་དུ་དུས་འགྱུར་རྐྱེན་པས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་ཕོག་ཧ་ཅང་ཆེན་པོ་བྱུང་བའི་སྐབས་འདིར་ང་ཚོ་བཙན་བྱོལ་རང་དབང་ལུང་པའི་ནང་སླེབས་ནས་ཤེས་ཡོན་གྱི་སྡེ་ཚན་ཁག་མཚོན་པའི་མང་པོ་ཞིག་སླར་གསོ་གནང་ཡོད་ནའང་། སྒྱུ་རྩལ་གྱི་རིགས་དེ་ཚོའི་ཐོག་སྒེར་སོ་སོ་ནས་ཐང་ཀ་འབྲི་བ་སོགས་ཡོང་གི་ཡོད་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ཚོགས་པ་ཚད་ལྡན་འདི་འདྲ་ཞིག་རྒྱ་ཆེན་པོ་ཞིག་གི་ཐོག་ནས་ལས་རིགས་ཕྱོགས་ཚང་མ་བསྡོམས་ནས་མཉམ་དུ་ནུས་པ་སྤུངས་ཐུབ་མཁན་ཚོགས་པ་ནོར་གླིང་ལས་ལྷག་ཕལ་ཆེར་ཡོད་མ་རེད་དྲན་གྱི་འདུག དེ་ཡང་ཧ་ཅང་སྤུས་ཚད་ལྡན་པ་ཡིན་དུས་དངོས་འབྲེལ་སྤོབས་པ་སྐྱེ་འོས་པའི་གནས་ཚུལ་ཞིག་ཆགས་ཀྱི་འདུག་བསམ་གྱི་འདུག གཙོ་བོ་བཀའ་ཟུར་སྐལ་བཟང་ཡེ་ཤེས་གཏན་ཞལ་རྣམ་གཉིས་ཀྱིས་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་བསྐྱོན། དགོངས་པ་བཞེས། འཆར་གཞི་བཀོད། འཆར་གཞི་བཀོད་པ་ནང་བཞིན་ཕྱག་ལེན་དུ་བཀལ་བར་བརྟེན་བྱུང་ཡོད། དེར་བརྟེན་བཀའ་ཟུར་སྐལ་བཟང་ཡེ་ཤེས་གཏན་ཞལ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།

Share with your friends










Submit