མདུན་ཤོག » Flash Mobile » གསར་གནས། »

ནང་ཆོས་ནི་ཆོས་ལུགས་ཧ་ཅང་གུ་ཡངས་ཤིག་རེད་འདུག

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ལྷག་པ།

༄༅། །ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་ལྟ་གྲུབ་རིག་པའི་བསྟི་གནས་ཁང་ The Institute of Philosophy དུ་ནང་ཆོས་དང་ཚན་རིག ཅེས་པའི་གླེང་སྟེགས་སྒོར་མོའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག སྐབས་དེར་འདི་ལོའི་ཕྱི་ཟླ་ ༨ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་སློབ་གཉེར་བ་གྲགས་གྲས་དབར་ནང་ཆོས་དང་ཚན་རིག་གི་ལྟ་ཚུལ་སྐོར་བགྲོ་གླེང་ཞུས་པའི་མྱོང་ཚོར་ཇི་བྱུང་སྐོར་བསམ་ཚུལ་བརྗེ་ལེན་གནང་འདུག

འདི་ལོའི་ཕྱི་ཟླ་ ༨ ནང་མཇལ་ཁ་དེ་ཨུ་རུ་སུའི་ཚན་རིག་པ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བགྲོ་གླེང་ཞུས་པ་ཆེས་ཐོག་མ་ཡིན་ཞིང་། སྐབས་དེར་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས།  ཕྱི་ཟླ་ ༨ བགྲོ་གླེང་ལྷན་ཚོགས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨུ་རུ་སུའི་ཚན་རིག་དབར་བགྲོ་གླེང་མཛད་པ་ཆེས་ཐོག་མ་ཡིན་པ་མ་ཟད།  རུ་སུའི་སྐུ་ཚབ་དོན་ཁང་དང་། བོད་སྐྱོབ་དགེ་རྩ་ཚོགས་པ། Save Tibet Foundation དེ་བཞིན་མོ་སི་ཁོ་གཙུག་ལག་སློབ་གྲྭའི་ཤེས་པ་ཉམས་ཞིབ་ཚན་པའི་ Center for Consciousness Studies མཐུན་འགྱུར་ཞུས་པའི་ལྷན་ཚོགས་དེ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན་སྐོར་གསུང་དོན།

ང་ཚོས་ཕྱི་ཟླ་ ༨ ནང་བགྲོ་གླེང་ལྷན་ཚོགས་སྐབས་གནས་ཚུལ་གསར་པ་བཤད་རྒྱུ་དེ་འདྲ་གང་ཡང་མེད།  གང་ཡིན་བརྗོད་ན་འདས་པའི་ལོ་ངོ་ ༣༠ ལྷག་རིང་ནང་པའི་མཁས་དབང་དང་ནུབ་ཕྱོགས་པའི་ཚན་རིག་དབར་བགྲོ་གླེང་མཛད་པ་མ་ཟད།  བགྲོ་གླེང་དེ་དག་ཚགས་ཚུད་པོ་དང་ལམ་ལྷོངས་ལྡན་པ་བྱུང་ཡོད།  འོན་ཀྱང་ཨུ་རུ་སུའི་ཚན་རིག་པ་མཉམ་ཞུགས་གནང་བ་ཆེས་ཐོག་མ་ཆགས་ཡོད། དེར་བརྟེན་ལྷན་ཚོགས་དེས་ཨུ་རུ་སུའི་ཚན་རིག་པ་ཚོ་དང་ནང་པའི་མཁས་དབང་ཚོའི་དབར་བསམ་ཚུལ་བརྗེ་ལེན་དང་གོ་རྟོགས་སྤེལ་རེས། དེ་བཞིན་འབྲེལ་ལམ་གྱི་གོ་སྐབས་གསར་པ་ཞིག་བྱུང་ཡོད། སྤྱིར་ཕྱོགས་གཉིས་པོའི་གཞི་རྩའི་དམིགས་ཡུལ་ནི་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ཆེད་ཡིན་པ་གཅིག་གྱུར་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།

དེ་རྗེས་ཀླད་ཁམས་ཚན་རིག་པ་གྲགས་ཅན་གཙུག་ལག་སློབ་དཔོན་ཀོནྶི་ཊེན་ཊིན་ཨ་ནོ་ཁིན་ Konstantin Anokhin ལགས་ཀྱིས་གསུང་དོན།  ཕྱི་ཟླ་ ༨ ནང་བགྲོ་གླེང་ལྷན་ཚོགས་སྐབས་ཚོགས་བཅར་བ་ཚོའི་དམིགས་ཡུལ་གཙོ་བོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨུ་རུ་སུའི་ཚན་རིག་པས་ཀླད་ཁམས་ཚན་རིག་དང་། སེམས་ཁམས་རིག་པ།  ལྟ་གྲུབ་དང་སྐད་ཡིག་རིག་པའི་རྣམ་གཞག་ལ་དཔྱད་པ་བྱས་པའི་གྲུབ་དོན་སྐོར་སྙན་སེང་ཞུ་རྒྱུ་དེ་ཡིན། ང་ཚོས་གོང་གི་གནད་དོན་ཐོག་དཔྱད་པ་བྱས་པའི་རྙེད་དོན་དེ་དག་དང་ནུབ་ཕྱོགས་ཚན་རིག་པ་ཚོས་དཔྱད་པ་བྱས་པའི་ཉམས་མྱོང་དབར་མི་འདྲ་བའི་ཁྱད་པར་ཡོང་སྲིད་པ་ཞིག་རེད།

སྤྱིར་ཨུ་རུ་སུ་ནི་ཡུ་རོབ་རྒྱལ་ཁབ་ཁོངས་སུ་གཏོགས་པ་དང་། ཚན་རིག་གི་ལྟ་ཚུལ་དེ་ཡང་ནུབ་ཕྱོགས་པ་དང་ཆ་འདྲ་བ་ཙམ་ལས་མཐའ་གཅིག་ཏུ་ནུབ་ཕྱོགས་པའི་ལྟ་ཚུལ་རྐྱང་པ་ཞིག་ཀྱང་མིན། བགློ་གླེང་ལྷན་ཚོགས་སྐབས་དེར་ནང་པའི་སློབ་གཉེར་བ་ཚོས་རང་ཉིད་གང་ལ་སྦྱངས་པའི་ལྟ་གྲུབ་ཙམ་མ་ཟད། དབང་རྩའི་ཚན་རིག་དང་སེམས་ཁམས་རིག་པའི་རྣམ་གཞག་ཐོག་གོ་རྟོགས་ཧ་ཅང་ཡག་པོ་ཡོད་པ་མཐོང་སྐབས་ངོ་མཚར་སྐྱེས་བྱུང་། སྤྱིར་སྟངས་སློབ་གཉེར་བ་ཁོང་རྣམས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལམ་སྟོན་འོག་བགྲོ་གླེང་ནང་ཕེབས་པ་ཡིན་འདུག  ཁོང་རྣམས་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས། Emory-Tibet Partnership Program ཞེས་པའི་ལས་འཆར་འོག་སློབ་གཉེར་གནང་མཁན་ཁོངས་ཡིན་འདུག

ཏེ་ལོ་རིན་པོ་ཆེ་ནས་ཀྱང་ཕྱི་ཟླ་ ༨ བགྲོ་གླེང་ལྷན་ཚོགས་ཀྱི་སྟ་གོན་ཚུལ་དུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས།  དེ་བཞིན་ཨ་རིའི་གཞན་ཕན་ཚོགས་པའི་ Director of Altruism in Medicine འགན་འཛིན་ཕྱི་རྒྱལ་ནང་པའི་དགེ་སློང་བྷེར་རེ་ཀར་ཛིན་ Venerable Barry Kerzin ལགས།   དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཨནདྲ་པར་དེ་ཤི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་བཟང་སྤྱོད་གོང་སྤེལ་བསྟི་གནས་ཁང་Dalai Lama Center of Ethics and Transformative Values at MIT གི་འགན་འཛིན་དགེ་སློང་བསྟན་འཛིན་པྲི་ཡ་དརཤྣི་ལགས་བཅས་གདན་ཞུས་ཀྱིས་ང་ཚོར་ངོ་སྤྲོད་གནང་བྱུང་།  ངོ་སྤྲོད་དེས་ནང་པའི་ལྟ་ཚུལ་ཐོག་གོ་རྟོགས་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཧ་ཅང་བྱུང་། ཞེས་གསུངས།

ཕྱོགས་མཚུངས་དབང་རྩའི་ཚན་རིག་པ་ལྕམ་སྐུ་ཏ་ཏི་ཡ་ན་ Prof. Tatiana Chernigovskaya ལགས་ཀྱིས་གསུང་དོན།  ནང་ཆོས་ནི་ལྟ་གྲུབ་ཧ་ཅང་གུ་ཡངས་ཅན་ཞིག་ཡིན་པ་ཤེས་རྟོགས་བྱུང་།  གལ་ཏེ་ཚན་རིག་པས་བརྟག་དཔྱད་བྱས་ནས་རིག་པའི་གཏན་ལ་ཕབ་པའི་ཆོས་ཤིག་ཡིན་ན་གཞུང་ནས་གསུང་པ་དེར་མཁྲེགས་འཛིན་བྱས་ནས་མ་བསྡད་པར་རིག་པའི་རྗེས་སུ་འབྲང་མཁན་ཞིག་ཡིན་པ་ཤེས་བྱུང་།  ངས་ཤེས་པའི་ཆོས་ལུགས་གཞན་ཕལ་མོ་ཆེའི་ནང་དེ་འདྲའི་ལངས་ཕྱོགས་གུ་ཡངས་པོ་ཞིག་མཇལ་མ་སོང་། ཆོས་ལུགས་དེ་དག་མང་ཆེ་བ་གཞུང་ནས་གང་གསུང་པ་དེ་རང་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱས་ནས་ཕེབས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།

Share with your friends










Submit