ཟླ་བ་ ༡༡ ཚེས ༢༤ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༤ རེས་གཟའ་པ་སངས།

གནམ་ཐང་དུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༢ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨིན་ཡུལ་རྒྱལ་ས་ལོན་ཌོན་ London  ཧེ་ཐོ་རུ་གནམ་ཐང་ Heathrow airport དུ་ཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་ཆོས་འཕེལ་ལགས་དང་ས་གནས་བོད་རིགས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་མ་ཟད། གནམ་ཐང་ནས་མགྲོན་ཁང་དུ་ཕེབས་འབྱོར་མཚམས་བོད་རིགས་རྣམས་ཀྱིས་སྲོལ་རྒྱུན་གྲོ་སོ་ཕྱེ་མར་འདེགས་འབུལ་དང་སྦྲགས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཇོན་ན་ལུམ་ལེ་ Joanna Lumley ལགས།

དེ་ནས་སྲིད་སྐྱོང་མཆོག་གིས་ཨིན་ཇིའི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཇོན་ན་ལུམ་ལེ་ Joanna Lumley ལགས་དང་།  བོད་ཁང་ཐེབས་རྩའི་འགན་འཛིན་ཚོགས་མི་རྣམས་བཅས་དང་ལྷན་དཔལ་འབྱོར་འདུ་འགོད་ཀྱི་མཛད་སྒོར་མཉམ་ཞུགས་གནང་འདུག

ཨིན་ཡུལ་གྲོས་ཚོགས་ནང་།

སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་སྤྱི་ཚོགས་བེད་དོན་དང་འབྲེལ་བའི་ལས་གཞི་སྤེལ་སྐབས་ལས་འཆར་དེ་དག་སྔོན་ཚུད་ནས་ཚགས་ཚུད་གཏན་འབེབས་ངང་འགྲོ་སོང་གང་ཐུབ་བསྲི་ཚགས་བྱེད་བཞིན་ཡོད་པར་བརྟེན་མཛད་སྒོར་ཆེད་ཕེབས་གནང་བའི་སྐུ་མགྲོན་ཚོས་བོད་ཁང་ཐེབས་རྩ་ཁང་ Tibet House Trust  དང་འབྲེལ་ལམ་ཉེས་པོ་གནང་ནས་གང་ཐུབ་ཕྱག་རོགས་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག

ཕྱོགས་མཚུངས་གློག་བརྙན་འཁྲབ་སྟོན་མ་ཇོན་ན་ལུམ་ལེ་ Joanna Lumley ལགས་ནས་ཀྱང་སྐབས་དེར་ཁོ་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་མྱོང་ཚོར་སྐོར་གསུང་པ་དང་སྦྲགས།  བྱམས་བརྩེ། ཞེས་འགོ་བརྗོད་དུ་འཁོད་པའི་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རི་མོར་བྲིས་པ་གཤམ་དུ་༸གོང་ས་མཆོག་དང་རི་མོ་བ་ཁོང་རྣམ་གཉིས་ཀྱིས་མཚན་རྟགས་བསྐྱོན་གནང་མཛད་པ་ཞིག་སྒྱུ་རྩལ་དངོས་རྫས་ཉོ་འཚོང་བྱ་སའི་བསྟི་གནས་ཁང་གྲགས་ཅན་  lenticular print ཞེས་པའི་ནང་རིན་འབབ་མཐོ་ཤོས་ཐོག་ནས་བཙོངས་ auction ཡོད་སྐོར་གསུངས།  རི་མོ་འབྲི་མཁན་ཨིན་ཇིའི་རི་མོ་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ཁི་རི་སི་ལེ་ཝིན་ Chris Levine ལགས་ཡིན་འདུག   སྐབས་དེར་སྐུ་མགྲོན་རྣམས་ནས་བོད་ཁང་ཐེབས་རྩ་ཁང་ལ་གང་ཐུབ་རོགས་རམ་གནང་རྒྱུའི་ཁས་ལེན་ཡང་ཞུས་འདུག

ཉིན་གཉིས་པའི་སྔ་དྲོ་སྲིད་སྐྱོང་མཆོག་གིས་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ All Party Parliamentary Group for Tibet  རྣམས་དང་མཇལ་འཕྲད་གནང་འདུག  སྐབས་དེར་གཞུང་འཛིན་རྙིང་ཞེན་ Conservative Party ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་  Rt. Hon Tim Loughton མཆོག་གིས་གཙོ་སྐྱོང་འོག་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་ཞིག་ཚོགས་ཡོད།  ཚོགས་འདུར་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཕེབས་འདུག་པ་དེ་ནི་ཕྱོགས་གཅིག་ནས་ཐེངས་འདིར་ཨིན་ཡུལ་གྲོས་ཚོགས་ཀྱི་སྟོན་ཁའི་སྔོན་རྩིས་ autumn budget གཏན་འབེབས་གནང་རྒྱུའི་དུས་ཚོད་འཁེལ་བར་བརྟེན་ཡིན་འདུག

ཚོགས་འདུའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རང་དབང་ཡོད་པའི་རྒྱལ་ཁབ་ཚོས་རྒྱ་ནག་དེ་མང་གཙོའི་རིན་ཐང་ལོངས་སུ་སྤྱོད་ཐུབ་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་བཟོ་དང་།  ཡང་ན་རང་ཉིད་རྒྱ་ནག་ལྟ་བུ་ཞིག་ཏུ་སྒྱུར་མིན་དེ་བོད་ཀྱི་གནད་དོན་ཐོག་སྲིད་བྱུས་དང་ལངས་ཕྱོགས་འཛིན་སྟངས་དེ་ནས་ཐག་ཆོད་ཐུབ་རྒྱུ་ཡིན་སྐོར་དང་།

  རྒྱ་ནག་ལ་གདོང་ལེན་གནང་སྐབས་རྒྱབ་སྐྱོར་བ་ཚང་མས་ཕན་ཚུན་འབྲེལ་ལམ་ཚགས་ཚུད་ཐོག་མཉམ་རུབ་ཀྱིས་ཕྱོགས་འདྲ་མིན་ནས་གདོང་ལེན་གནང་ཐབས་དགོས་གལ་དང་།  ལྷག་པར་དེང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྐོར་བཤད་པ་དེའི་གཞི་རྩའི་གོ་དོན་ནི།  རྒྱ་ནག་ནང་མང་གཙོ་དང་རང་དབང་མེད་ཅིང་ཆབ་སྲིད་ཚོགས་པ་གཅིག་རང་གིས་གཅིག་བསྡུས་དབང་འཛིན་བྱས་ནས་སྡོད་རྒྱུ་ཡིན་པ་གསལ་འདོན་བྱས་པ་ཞིག་ཡིན་སྐོར་དང་།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ནང་ཐོག་མར་གཞུང་ལམ་བཟོ་འགོ་བརྩམས་པ་དེ་དང་དེང་སྐབས་དར་གོས་ཚོང་ལམ་གསར་པ་ Belt and Road Initiative  ཟེར་བའི་ཚོང་འབྲེལ་ལས་གཞི་གཉིས་དམིགས་ཡུལ་གཅིག་པ་ཡིན་ཞིང་།   ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་གཞན་གྱི་ཐོན་སྐྱེད་འཕྲོག་བཅོམ་བྱས་ནས་རྒྱ་ནག་ཕྱུག་པོ་བཟོ་རྒྱུ་རེད་ཅེས་དང་།    སྲིད་སྐྱོང་མཆོག་གིས་ཨིན་ཡུལ་གཙོ་བོར་གྱུར་བའི་རང་དབང་ལུང་པ་ཚོས་དུས་ནས་དུས་སུ་བོད་དོན་ལ་བརྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་བརྒྱུད་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག

ལྷན་ཚོགས་གྲོལ་རྗེས་བོད་ཀྱི་ཚོགས་པ་ Tibet Society དང་།  ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ།   དེ་བཞིན་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་  Rt. Hon Tim Loughton མཆོག་བཅས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་གསོལ་སྟོན་བཤམས།།

 

Share with your friends










Submit