མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

དཔལ་ལྡན་སྲིད་སྐྱོང་མཆོག་ནོར་ཝེ་རུ་ཕེབས་འབྱོར་བྱུང་བ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༢ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནོར་ཝེ་ Norway རྒྱལ་ས་ཨོ་སི་ལོར་ Oslo ཕེབས་འབྱོར་བྱུང་འདུག  ཐོག་མར་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Norwegian Tibet Committee འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་བ་མ་ཟད།  ཚོགས་པ་དེའི་གོ་སྒྲིག་འོག་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ལྷག་བསམ་རྣམ་དག་ཐོག་ནས་ད་བར་བོད་དོན་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་འདུག

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་བ་དང་ཕྱོགས་མཚུངས།  ནོར་ཝེ་ནང་བོད་དོན་ལས་འགུལ་སྤེལ་མཁན་ཚོས་བོད་དོན་ཐོག་ད་བར་ལས་འགུལ་སྤེལ་བ་དེ་དག་བོད་ཀྱི་རྩ་དོན་མུ་མཐུད་གནས་རྒྱུར་འབྲེལ་ཟམ་ལྟ་བུ་ཞིག་ལ་ངོས་འཛིན་ནས་མུ་མཐུད་ལས་འགུལ་སྤེལ་དགོས་པ་དང་།  གལ་ཏེ་ལས་འགུལ་ཐོག་མར་འགོ་འཛུགས་པ་ནས་བཟུང་མུ་མཐུད་གནས་ཐུབ་པ་ན་མགྱོགས་མྱུར་བོད་དོན་བདེན་མཐའ་གསལ་རྒྱུ་ཡིན་སྐོར་དང་།  འབྲེལ་ཟམ་མེད་ན་ལས་འགུལ་གྱི་ནུས་པ་ཉམས་རྒྱུ་ཡིན་སྐོར་གསུངས།

ཕྱོགས་མཚུངས་ཁོང་གིས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་ཉམས་ཉེས་སུ་གཏོང་ཐབས་ཆེད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་ཀྱང་ལམ་ལྷོངས་བྱུང་མེད་པ་དང་།  ལྷག་པར་གསེར་རྟ་བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་ཀྱི་གྲྭ་ཤག་གཏོར་བཤིག་བཏང་བ་སོགས་སངས་རྒྱས་ཀྱི་བསྟན་པར་ཧ་ཅང་སྡང་ཟུག་ཆེན་པོ་བྱས་ཀྱང་རྒྱ་གར་ནང་བོད་མི་གཙོ་བོར་གྱུར་བའི་ཧི་མ་ལ་ཡ་མི་རིགས་ཀྱི་དགེ་བཙུན་ཞལ་གྲངས་ ༣༠ ༠༠༠ ཙམ་གྱིས་བཤད་སྒྲུབ་ཟུང་འབྲེལ་ཐོག་ནས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་མེ་རོ་སླར་གསོ་གནང་བཞིན་ཡོད་སྐོར་དང་།   རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་དེ་དག་ང་ཚོས་ཆ་ཚང་རྩ་མེད་བཟོ་ཐུབ་མེད་ནའང་གང་ཙམ་ནུས་པ་མེད་པ་བཟོ་ཐུབ་ཡོད། གང་ཡིན་བརྗོད་ན་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་བོད་མིའི་ཆོས་དང་རིག་གཞུང་ཟེར་བ་དེ་དག་ལས་སླ་པོའི་ཐོག་ནས་རྩ་མེད་བཟོ་ཐུབ་རྒྱུའི་ཚོད་དཔག་བྱས་ཡོད། འོན་ཀྱང་དེ་འདྲ་ལས་སླ་པོ་ཞིག་ཐོག་ནས་བོད་མིའི་ངོ་བོ་དེ་དག་ད་བར་རྩ་མེད་བཟོ་ཐུབ་མེད་པ་ཧ་ཅང་གསལ་པོ་རེད།

ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་བཟུང་གཙོ་བོ་གཞིས་ལུས་རྒྱ་ཆེ་མི་མང་ཚོས་སྐུ་ལས་བསྐྱོན་པར་བརྟེན་བོད་ནང་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཤུགས་ཆེ་ཐུབ་ཡོད་པ་མ་ཟད། བོད་མི་རིགས་ཀྱི་ཐུན་མིན་རིག་གཞུང་ལ་བརྟེན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་དག་སླར་གསོ་ཐུབ་པ་བྱུང་ཡོད། དེར་བརྟེན་ད་ཆ་བོད་ནང་དུས་འགྱུར་ཕྱིན་རྗེས་བོད་མི་མི་རབས་གསུམ་པ་ཚོའི་བསམ་བློའི་འདུ་ཤེས་ནང་བོད་མི་རིགས་ཀྱི་ལ་རྒྱ་ཧ་ཅང་ཤུགས་ཆེན་པོ་འདུག ཅེས་གསུང་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་སོགས་ལ་བརྟེན་ནས་བོད་ཀྱི་འཁྱགས་རོམ་རྣམས་མྱུར་ཚད་མཐོ་པོའི་སྒོ་ནས་གཞུར་བཞིན་པ་དང་། འཁྱགས་རོམ་དེ་དག་བོད་ཀྱི་གཙང་པོ་ཆེ་ཁག་རྒྱུག་ཡུལ་གྱི་གཤམ་འོག་རྒྱལ་ཁབ་ནང་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་རྟེན་ལྟ་བུ་ཆགས་ཡོད་སྟབས། བོད་ནང་རྒྱ་རིགས་མི་འབོར་འཕོན་ཆེ་སྤོ་བཞུད་བྱེད་བཞིན་པ་དང་།  གྲོང་གསེབ་ཁག་མང་པོ་ཞིག་གྲོང་ཁྱེར་ཅན་དུ་འགྱུར་རྒྱུ་ཟེར་བའི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པ་དེ་དག་གིས་འཁྱགས་རོམ་སྟོང་ཕྲག་བརྒལ་བ་དེ་དག་མྱུར་པོར་བཞུར་ནས་གཤམ་འོག་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་བཟོ་ངེས་ཡིན།  ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག  དེ་རྗེས་ནོར་ཝེ་བོད་རིགས་ཚོས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགོང་དྲོའི་གསོལ་ཚིགས་འབུལ་ལམ་ཞུས་འདུག་པ་བཅས།།

Share with your friends










Submit