མདུན་ཤོག » Flash Mobile » གསར་གནས། »

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཌེན་མག་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཌེན་མག་རྒྱལ་ས་ཀོ་པེན་ཧེ་གན་ནང་ཕེབས་འབྱོར་གྱིས་ཐོག་མར་རྒྱལ་ཡོངས་ཉིན་རེའི་གསར་ཤོག་གྲགས་ཅན་བྷར་ལིངྒ་སི་ཀི་ Berlingske ཞེས་པའི་བཅར་འདྲི་དང་ལེན་གནང་འདུག  དེ་རྗེས་ཡུལ་དེའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་སོ་རེན་ཨེ་སི་པར་སོན་ Soren Espersen  དང་།  ཌེན་མག་མི་མང་ཚོགས་པའི་ Danish People’s Party ཕྱི་འབྲེལ་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་སོགས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་འདུག

མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་ས་བབ་ཀྱི་ཆ་ནས་བོད་དེ་འཛམ་གླིང་ཡང་ཐོག་ཅེས་མཐོ་སྒང་ཆེ་ཤོས་སུ་གྲགས་པར་བརྟེན་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་།  ལྷག་པར་གླིང་ཆེན་ཨེ་ཤི་ཡེའི་ཆུ་མཛོད་ལྟ་བུ་ཆགས་ཡོད་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་འདུག་པ་མ་ཟད།  འཛམ་གླིང་ཁྱོན་དུའང་ཁ་རླུང་དྲོད་ཤུགས་བཅག་ནས་བསིལ་བར་བྱེད་མཁན་ཡིན།

འོན་ཀྱང་འདས་པའི་ལོ་ཤས་ནང་གནས་སྟངས་དེར་འགྱུར་བ་འགྲོ་བཞིན་ཡོད་ཅིང་།  དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་གཏེར་ཁ་རྣམས་གང་བྱུང་སྔོག་འདོན་བྱས་པའི་ལས་གཞི་སྤེལ་བཞིན་པར་བརྟེན་འཁྱགས་རོམ་རྣམས་མྱུར་པོའི་ཐོག་ནས་བཞུ་བཞིན་པ་དང་།  བོད་ནི་ས་མཐོ་བར་བརྟེན་གོ་ལའི་ཚ་དྲོད་ཀྱི་ཤུགས་རྐྱེན་འཛམ་གླིང་ས་ཕྱོགས་གཞན་དང་བསྡུར་བ་ཡིན་ན་ལྡབ་གཉིས་ཀྱི་འཕེལ་ཤུགས་ཆེ་བ་ཡོད་སྐོར་གསུངས།

གྲོས་ཚོགས་འཐུས་མི་རྣམས་དང་ལྷན།

ལྷག་པར་སྐབས་དེར་ཁོང་གིས་རྒྱ་ནག་གཞུང་གིས་ད་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་རྒྱལ་སྤྱིའི་ཆུ་བགོ་འགྲེམ་བྱ་རྒྱུའི་གན་རྒྱར་མིང་རྟགས་བཀོད་མེད་པ་དང་།  འབྱུང་འགྱུར་དམག་ཆེན་གསུམ་པ་ནི་ཆུའི་གནད་དོན་ཐོག་ནས་ལང་ཉེན་ཡོད་སྐོར་ཉམས་ཞིབ་པ་ཁག་གཅིག་གིས་གསུང་བཞིན་ཡོད་པ་ལུང་འདྲེན་གནང་འདུག

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་ཐོག་ནས་ངོ་རྒོལ་གནང་དགོས་པའི་རྒྱུ་མཚན་དང་། འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་གཏོར་བཤིག་བཏང་དང་གཏོང་བཞིན་པའི་གནས་སྟངས་སྤྱི་དང་། ལྷག་པར་ཆོས་སྡེ་དེ་གཉིས་པོའི་ནང་གི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་བ་དང་། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པའི་སྐོར་སོགས་ངོ་སྤྲོད་གནང་འདུག

ས་གནས་བོད་རིགས།

ཕྱོགས་མཚུངས་བོད་མི་འབྲོག་པ་རྣམས་རྩྭ་ཐང་ནས་བཙན་དབང་འོག་གྲོང་ཁྱེར་དུ་གནས་སྤོ་བྱེད་བཅུག་པ་མ་ཟད།  རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་འོག་བོད་ཀྱི་ཐུན་མིན་སྐད་དང་ཡི་གེ་རྩ་མེད་བཟོ་བཞིན་པ་དང་།  བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་པའི་སྐོར་སོགས་ངོ་སྤྲོད་ཞིབ་ཕྲ་གནང་འདུག

མཇལ་འཕྲད་ཁག་ལེགས་པར་གྲུབ་རྗེས་ཡུལ་དེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཌེན་མག་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ལྷན་ཚོགས་སུ་ཕེབས་ཏེ་བོད་དོན་སྐོར་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས།།

Share with your friends










Submit