མདུན་ཤོག » Uncategorized »

དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་གསར་པ་དབུ་འབྱེད་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༣  རེས་གཟའ་ཟླ་བའི་ཉིན་རྒྱབ་ཕྱག་ཚོད་ ༡༢:༣༠  ཡས་མས་ཙམ་ལ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་གསར་པ་དབུ་འབྱེད་གནང་འདུག དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་སྐུ་མགྲོན་གཙོ་བོ་བྷོ་བྷི་སེ་སྒར་ Bobby Sager རྣམ་གཉིས་ནས་སྒོ་དབྱེའི་དར་ཚོན་གཅོད་འབྲེག་གནང་རྗེས། 

སྐུ་མགྲོན་གཙོ་བོ་མཆོག་གིས་མར་མེ་ཞལ་ཕྱེ་དང་དགེ་འདུན་པ་དང་བཙུན་མ་ཁག་གཅིག་ནས་ཤིས་བརྗོད་སྨོན་ལམ་གསུང་འདོན་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚན་རིག་ཁང་གི་དབུ་འབྱེད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན།   དེ་རིང་གི་མཛད་སྒོར་བཅར་ཐུབ་པ་དགའ་པོ་བྱུང་། ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྷག་པར་བོད་ཀྱི་དཔེ་མཛོད་ཁང་དང་སྦྱིན་བདག་བཅས་ལ་དེ་རིང་ལས་འཆར་འདི་ཉིད་ལེགས་གྲུབ་བྱུང་བ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་དགའ་བསུ་དང་ཐུགས་རྗེ་ཆེ་ཞེས་མཉམ་དུ་ཞུ་བཞིན་ཡོད།  གོང་དུ་འགན་འཛིན་མཆོག་གིས་གསུང་པ་ནང་བཞིན་ལས་འཆར་འདི་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་བཀའ་དགོངས་བཅས་དང་འབྲེལ་བ་ཆེན་པོ་ཆགས་ཡོད། འདི་གང་རེད་ཅེ་ན། དེང་རབས་ཀྱི་ཚན་རིག་དང་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ཆོས་ལུགས་ཟེར་ནའང་འདྲ་འདུག་དེ་དང་མཉམ་དུ་ཟུང་འབྲེལ་ཐོག་ནས་སྤྱིར་ཤེས་ཡོན་དང་བཟང་སྤྱོད་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྐྱིད་སོགས་དང་འབྲེལ་བ་ཆེན་པོ་ཆགས་པའི་དགོངས་པ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ལས་འཆར་དེ་འདྲའི་ཐོག་ལ་ད་རེས་སྡེ་ཚན་ལྟ་བུ་ཆེན་པོ་ཞིག་ཟུར་དུ་རྡ་སར་བསྐྲུན་ཐུབ་པ་འདི་ཧ་ཅང་བསྔགས་བརྗོད་འོས་པ་དང་དགའ་བ་སྒོམ་དགོས་པ་ཞིག་རེད། 

ད་ཆ་གལ་ཆེ་ཤོས་ནི། གང་དུ་ཕྱིན་ནའང་མཐོང་བཞིན་པ་དང་ཞུ་དགོས་པ་ཞིག་གང་འདུག་ཅེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དང་དགོངས་པ་རེད་ཅེས་ལམ་སང་ལས་གཞི་བརྩམས་པ་ཧ་ཅང་མང་པོ་འདུག  འོན་ཀྱང་ལས་གཞི་གང་བརྩམས་པ་དེས་བཀའ་སློབ་དགོངས་དོན་གྱི་སྙིང་པོ་བསྒྲུབ་ཀྱི་ཡོད་མེད་དང་། གཞན་མེད་ནའང་ཆ་ཤས་ཙམ་ཞིག་དེའི་ལམ་ནས་ཡོང་གི་ཡོད་མེད་ཀྱི་ཐོག་ལ་ཐུགས་སྣང་དང་གལ་ཆེན་པོ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དཔེར་ན།  ཚན་རིག་དང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཟུང་འབྲེལ་བྱ་རྒྱུའི་སྐོར་བཤད་ཡོང་སྐབས།  སྔོན་ལ་ཕན་ཚུན་གཅིག་གིས་གཅིག་ལ་ཡག་པོ་ཤེས་རྟོགས་དགོས་ཀྱི་ཡོད། ནང་པ་སངས་རྒྱས་པའི་ཆོས་ལུགས་རྗེས་འབྲང་པ་དང་ལྟ་གྲུབ་མཁས་པ་དེ་ཚོས་ནུབ་ཕྱོགས་ཚན་རིག་པའི་གནས་སྟངས་ཡག་པོ་ཞིག་མཁྱེན་དགོས་ཀྱི་ཡོད།

དེ་བཞིན་ནུབ་ཕྱོགས་ཚན་རིག་པས་ནང་པ་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་ལ་དོ་སྣང་ཡོད་མཁན་དེ་ཚོས་དེའི་སྐོར་ཁོ་རང་ཚོའི་ཐོག་ནས་ཚུར་ཡག་པོ་མཁྱེན་དགོས་ཀྱི་ཡོད། དང་པོ་གཅིག་གིས་གཅིག་མཁྱེན། དེ་ནས་མཉམ་དུ་གནས་ཚུལ་བརྗེ་ལེན་བྱེད་ནས་མཉམ་དུ་ཕྱག་ལས་གནང་རྒྱུ་ཡོང་གི་ཡོད། དེ་ནས་ཟུང་དུ་སྦྲེལ་རྒྱུ་རིགས་གཞི་ནས་ཡོང་གི་ཡོད། ང་རང་སྔོན་མ་ཚན་རིག་དང་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ལ་སློབ་གཉེར་ཕྲན་བུ་བྱས་མྱོང་པའི་རྒྱུ་མཚན་ཐོག་ནས་ཞུས་ན། དཔེར་ན། ནང་པའི་ལྟ་གྲུབ་མཁན་ཚོའི་ཚན་རིག་ལ་ཕར་སློབ་སྦྱོང་གནང་སྟངས་གཟིགས་པའི་སྐབས་ལ་ཚན་རིག་ཚོས་གང་བཤད་ཀྱི་འདུག

དེར་ང་རང་ཚོའི་ལུགས་སྲོལ་ལྟར་ལམ་སང་མཚན་ཉིད་དང་རིགས་པ་དེ་གཏང་ན། ཚན་རིག་གི་འགྲོ་སྟངས་དང་དོན་དག་རྟོགས་ཐུབ་ཀྱི་མ་རེད། ཚན་རིག་པ་ཁོ་རང་ཚོ་རང་གིས་སྒྲུབ་བྱེད་དང་བརྟག་དཔྱད། འཚོལ་ཞིབ་དེ་འདྲ་གང་ཞིག་གི་བརྒྱུད་ནས་མཐའ་མར་གཏན་འབེབས་དང་གཏན་འཁེལ་བ་ཞིག་བཟོ་ཡི་འདུག  འདི་རྒྱུས་ལོན་དགོས་པ་ཞིག་རེད། འོན་ཀྱང་ད་ལྟའི་ཆར་ནུབ་ཕྱོགས་ཚན་རིག་པའི་ཡུལ་ནི་ཕྱི་དངོས་པོ་ཙམ་ལ་དགག་བསྡད་པའི་བཟོ་འདྲ་ཞིག་ཡོད་ནའང་ཕྱི་དངོས་པོའི་གནས་ལུགས་དེ་དག་ཙམ་ཞིག་འགྲོ་ལུགས་འགྲོ་སྟངས་ཐོག་ནས་ཡག་པོ་ཤེས་ཏེ་ལག་ལེན་བསྟར་བའི་རྒྱུ་མཚན་གྱིས་དེང་སྐབས་འཛམ་གླིང་འདི་གང་འདྲ་ཞིག་ཆགས་ཡོད་པ་ང་ཚོ་ཚང་མས་མཁྱེན་གསལ་ཡིན་སྟབས། ཕྱི་དངོས་པོ་ཙམ་ཡིན་ནའང་དེའི་ནུས་པ་བསམ་གྱི་མི་ཁྱབ་པ་ཡོད་པ་ཚན་རིག་པའི་ཐོག་ནས་ཡག་པོ་བསྒྲུབས་ཡོད། 

དེ་བཞིན་ནུབ་ཕྱོགས་ཚན་རིག་པ་དང་དེ་ཚོའི་ཐོག་ནས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོང་རང་གི་ཐུགས་བསྐྱེད་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་སྙན་གྲགས་ཅན་གྱི་ཚན་རིག་མཁས་པ་མང་པོ་ཞིག་གིས་དེང་སྐབས་ནང་པའི་ཚན་རིག་དང་ལྟ་གྲུབ་དེ་ཚོའི་ཐོག་ལ་ཞིབ་ཚགས་པོ་བྱས་ནས་ཐུགས་སྣང་གནང་རྒྱུ་ཞིག་ཆགས་ཡོད།  ཚན་རིག་པས་བརྟག་དཔྱད་བྱེད་སྟངས་དང་ཚན་རིག་པས་ཕྱི་དངོས་པོའི་ཐོག་བརྟག་དཔྱད་བྱེད་སྟངས་རྐྱང་རྐྱང་འཁྱེར་ཡོང་སྟེ་ནང་པའི་སེམས་ཀྱི་གནས་སྟངས་དེ་ཚོར་གང་འདྲ་བྱེད་ཀྱི་འདུག་ཅེས་བརྗོད་པ་ཡིན་ན། ཕལ་ཆེར་དུས་ནམ་ཡང་རྟོགས་ཐུབ་རྒྱུ་མ་རེད་བསམ་གྱི་འདུག སེམས་ཟེར་མཁན་གྱི་ནང་རིམ་པས་འབབ་ཐུབ་པ་བྱས་ནས་ནང་པ་སངས་རྒྱས་པའི་སེམས་ཀྱི་རྣམ་གཞག་རིག་ལམ་དང་རིགས་པ། དངོས་རྟོགས་རྗེས་དཔག་ལ་སོགས་དེ་ཚོའི་ཐོག་ནས་གང་འདྲ་གཏན་འབེབས་བྱེད་ཀྱི་ཡོད་མེད་དེ་དག་རོབ་ཙམ་མཁྱེན་པའི་ཐོག་ནས་བྱེད་པ་ཡིན་ན། ད་ལྟའི་ཚན་རིག་གི་ཡུལ་ནི། ཕྱི་དངོས་པོ་ལས་ཡར་རྒྱ་ཆེ་རུ་ཕྱིན་ཏེ་ནང་སེམས་ཀྱི་གནད་དོན་ཐོག་འཇུག་ཐུབ་པའི་གོམས་པ་དང་པོ་བརྒྱབ་ཟིན་ཡོད།

གོམས་པ་གཉིས་པ་དང་གསུམ་པ་རྒྱག་ཐུབ་པའི་རེ་བ་ཧ་ཅང་ཡོད་སྟབས། དེ་ཚོའི་ཐོག་ལ་ང་ཚོས་ཐུགས་སྣང་ཆེན་པོ་གནང་དགོས་རེད་མ་གཏོགས་སྐབས་རེ་ཚོགས་འདུ་འཚོགས།  ལས་གཞི་འདྲ་སྤེལ།  ཚན་རིག་དང་ནང་པ་ལབ། དོན་ལ་གོ་རྟོགས་ཧ་ཅང་མེད་ན་ཧ་ཅང་ཕངས་པོ་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས། དེར་ཐུགས་སྣང་གནང་དགོས་པ་ཞིག་འདུག

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཚན་རིག་དང་ནང་པ་གཉིས་མཉམ་དུ་བྱུང་བ་ཡིན་ན། གོང་དུ་རོབ་ཙམ་ཞུས་པ་ནང་བཞིན་ཤེས་ཡོན་དང་མིའི་ཀུན་སྤྱོད་རྒྱ་སྐྱེད་འགྲོ་རྒྱུ་ཁོ་ན་མིན་པར་འཛམ་གླིང་སྤྱི་ཡོངས་ཞི་བདེ་ལ་ཕན་ཐོགས་རླབས་པོ་ཆེ་བསྒྲུབ་ཐུབ་པའི་ཕུགས་རྒྱང་རིང་པོ་གཟིགས་ཐུབ་ཀྱི་ཡོད་པ་རེད། དེ་དག་གང་འདྲ་རེད་འདུག གང་འདྲ་ཡོང་ས་རེད། ཅེས་གོམས་པ་གཅིག་གཉིས་ལས་མེད་ནའང་རྒྱག་ཐུབ་ཐབས་གནང་རྒྱུ་དེ་རེད། 

དེ་ལྟ་བུའི་གནད་དོན་གལ་ཆེན་པོ་ཞིག་གི་ཐོག་ལ་བོད་ཀྱི་དཔེ་མཛོད་ཁང་ནས་བར་ལམ་ནས་ཐུགས་ཁུར་ཆེ་བཞེས་གནང་སྟེ་ལས་གཞི་ཆེན་པོ་འདི་འདྲ་ཕྱག་བསྟར་གནང་བ་དང་མིག་མཐོང་ལག་ཟིན་ཡོང་བའི་གྲུབ་འབྲས་མངོན་ཐུབ་པ་འདིར་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་སྐུ་ཞབས་སེ་གྷར་གྱི་ནང་མིས་མཚོན་འདིའི་ཐོག་རོགས་སྐྱོར་བྱེད་མཁན་ཡོངས་ལ་ངས་འབྲེལ་ཡོད་ཆོས་རིག་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་སྤྱིའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་འདོད་བྱུང་། ཞེས་གསུངས།།

Share with your friends










Submit