Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཕུར་བུ།

༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  རང་གཞུང་བཀའ་ཤག་ནས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་རྒྱ་གར་གཙོས་བོད་མི་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་འཛམ་གླིང་རྒྱལ་ཁབ་ཀྱི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་དགོས་པའི་བཀའ་འབྲེལ་ལྟར། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཐེ་ཝན་ཐུགས་རྗེ་ཆེ།  ཞེས་ ༢༠༡༨ ལོའི་ལོ་ཐོ་འགྲེམས་སྤེལ་འགོ་འཛུགས་ཞུས་ཡོད། 

དེ་ཡང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་དོན།  ཐེངས་འདིར་ང་ཚོས་ཐེ་ཝན་གཞུང་མང་གཉིས་ནས་ད་བར་བོད་མི་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་མཚོན་སླད།  ལོ་ཐོ་སྤུས་ལེགས་གྲངས་ ༦༠༠༠ དཔར་འདེབས་ཞུས་ཡོད་པ་དང་།

ཕྱི་ལོ་ ༢༠༡༨ ལོ་ནི་བོད་མི་བཙན་བྱོལ་བ་རྣམས་མིའི་ལུང་པར་གྱར་ནས་ལོ་ ༦༠ འཁོར་བ་དང་། ཐེ་ཝན་དོན་གཅོད་ལས་ཁུངས་བཙུགས་ནས་ལོ་ ༢༠ འཁོར་བའི་གལ་ཆེའི་དུས་ཚིགས་ཤིག་འཁེལ་བཞིན་ཡོད་པས། ཐེ་ཝན་གཞུང་དང་། གཞུང་འབྲེལ་མ་ཡིན་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ལག་དེབ་སྔོན་པོའི་ཚོགས་མི། སྔ་ཕྱི་བར་གསུམ་དུ་དོན་གཅོད་ལས་ཁུངས་ལ་རྒྱབ་སྐྱོར་གནང་མཁན་སོགས་ལ་ཐུགས་རྗེ་ཆེ་ཞུ་ཆེད་ལོ་ཐོ་དེ་དག་རིན་མེད་ཐོག་ནས་འགྲེམས་སྤེལ་ཞུ་རྒྱུ་ཡིན་ཞེས་གསུངས།

ལོ་ཐོའི་དེའི་ནང་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཐེ་ཝན་ཡུལ་དུ་ཆིབས་སྒྱུར་བཀའ་དྲིན་མཛད་སྐབས་ཀྱི་༸སྐུ་པར་དང་། ལོ་ཉི་ཤུའི་རིང་ཐེ་ཝན་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན་སོགས་ཀྱི་ཐད་འབྲེལ་ལམ་དང་རྒྱབ་སྐྱོར་གནང་བའི་རྒྱབ་ལྗོངས་ཀྱི་གནས་ཚུལ་སྙིང་བསྡུས་སུ་བཀོད་པ་དང་ལག་དེབ་སྔོན་པོའི་ནང་དོན་སྙིང་བསྡུས་ངོ་སྤྲོད་བཅས་འཁོད་ཡོད། །

Share with your friends










Submit