ཟླ་བ་ ༡༡ ཚེས ༡༧ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༡༧ རེས་གཟའ་པ་སངས།

༄༅། །ཧོང་ཀོང་བོད་ཁང་ Tibet House Hong Kong ཞེས་པས་ཉི་ཧོང་གི་རྒྱལ་ས་རྙིང་པ་ཀྱོ་ཏོ་ Kyoto རུ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བསྡུ་སྒྲིག་དང་བཟོ་སྐྲུན་གནང་བའི་བོད་ཀྱི་ཆོས་དང་རིག་གཞུང་སྐོར་གྱི་པར་རིས་དང་ཡིག་རིག་སོགས་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པའི་འགྲེམས་སྟོན་ཞིག་བཤམས་འདུག  པར་དེ་དག་རིན་པོ་ཆེ་མཆོག་ནས་མཁོ་བསྡུ་གནང་བ་མ་ཟད། སྒྱུ་རྩལ་གྱི་དངོས་རྫས་རྣམས་རིན་པོ་ཆེ་རང་ཉིད་ནས་བཟོ་སྐྲུན་དང་སྒྲིག་སྦྱོར་གནང་བ་ཞིག་ཡིན་འདུག

འགྲེམས་སྟོན་དེ་ཕྱི་ཟླ་ ༡༡ ཚེས་ ༡༦ ནས་ ༢༦ བར་བཤམས་པ་དང་། ཐོག་མར་ཕྱི་ཚེས་ ༡༦ ཉིན་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་སན་ཡུ་ཇི་ལྷ་ཁང་ Sennyuji Temple ནང་དུ་དབུ་འབྱེད་གནང་འདུག

སྐབས་དེར་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་ཞིག་ཕེབས་པའི་ནང་རིན་པོ་ཆེ་མཆོག་རི་མོའི་སྒྱུ་རྩལ་དང་པར་རྒྱག་རྒྱུར་ཐུགས་སྣང་ཡོད་སྐོར་གསུང་པ་མ་ཟད།   སྒྱུ་རྩལ་ལ་དོ་སྣང་གནང་བ་དེས་སེམས་ནང་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་སྐོར་གསུངས།

ཕྱོགས་མཚུངས་རིན་པོ་ཆེ་མཆོག་རང་ཉིད་ལ་མཚོན་ནའང་ཉི་ཧོང་གི་རི་མོའི་སྒྱུ་རྩལ་དང་འབྲེལ་བའི་ཡུལ་གོམས་གཤིས་ལུགས་ལ་བསྔགས་བརྗོད་ཤུགས་ཆེ་ཞུ་མཁན་ཞིག་ཡིན་པ་གསུང་འདུག  ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་ཐུགས་སྣང་གནང་བ་དེར་བསྔགས་བརྗོད་མཛད་འདུག

འགྲེམས་སྟོན་དབུ་འབྱེད་སྐབས་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཉི་ཧོང་དང་བོད་གཉིས་དབར་ཆོས་དང་རིག་གཞུང་ཙམ་མ་ཟད། མི་རིགས་ཀྱི་ལོ་རྒྱུས་བཤད་སྟངས་ཐོག་ནས་ཀྱང་འབྲེལ་བ་ཡོད་པ་དང་།  ལྷག་པར་རྒྱལ་ས་རྙིང་པ་ཀྱོ་ཏོ་དང་བོད་དབར་འབྲེལ་བ་ཇི་ཡོད་གསུང་དོན།

དུས་རབས་ ༡༩ འགོ་སྟོད་དུ་བོད་དང་ཀྱོ་ཏོ་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་འབྲེལ་བ་བྱུང་ཡོད། དེ་ཡང་ནི་ཤི་ཧོན་གན་ཇི་ནང་པའི་དགོན་པས་ Nishi Honganji Temple ཉི་ཧོང་དགེ་འདུན་པ་ཏ་ཌ་ཊོ་ཀན་ Tada Tokan མཆོག་དང་ཨོ་ཀི་བྷུང་ཀྱོ་ Aoki Bunkyo མཆོག་རྣམ་གཉིས་བོད་དུ་བརྫངས་ནས་གདན་ས་གསུམ་གྱི་ཡ་གྱལ་སེ་ར་དགོན་པར་ནང་ཆོས་སློབ་གཉེར་གནང་བ་ལྟར། ༸རྒྱལ་དབང་༸སྐུ་ཕྲེང་ ༡༣ ཐུབ་བསྟན་རྒྱ་མཚོ་མཆོག་ནས་ཀྱང་བོད་མི་ཞིག་ཉི་ཧོང་གྲོང་ཁྱེར་ཀྱོ་ཏོར་བརྫངས་ནས་ཡུལ་དེའི་སྐད་ཡིག་སོགས་ལ་སློབ་གཉེར་གནང་འདུག

དེར་བརྟེན་དེ་རིང་གི་འགྲེམས་སྟོན་འདི་གོ་སྒྲིག་གནང་བར་ང་རང་ཧ་ཅང་དགའ་པོ་བྱུང་། འགྲེམས་སྟོན་འདིས་བོད་དང་ཉི་ཧོང་དབར་སྔར་མཐུན་འབྲེལ་ཡོད་པ་དེ་དག་སླར་གསོ་གནང་པའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།

དེ་བཞིན་སན་ཡུ་ཇི་ལྷ་ཁང་གི་མཁན་པོ་མཆོག་གིས་གསུང་དོན།   བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཉི་ཧོང་ཡུལ་གྱི་གོམས་གཤིས་དང་རིག་གཞུང་ལ་བསྔགས་བརྗོད་མཛད་མཁན་ཞིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།

 

 

 

Share with your friends










Submit