ཟླ་བ་ ༡༡ ཚེས ༢༥ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༥ རེས་གཟའ་སྤེན་པ།

༄༅། །དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༥  ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨།༣༠ ཙམ་ལ་རྡ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉེ་འཁྲིས་སུ་ཆགས་པའི་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་བ་ཇོ་ནང་པའི་སྔོན་གྱི་བྱུང་རབས་དང་། ད་ལྟའི་གནས་བབ་གླེང་བ་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་འདུག

སྐབས་དེར་ཆོས་རིག་བཀའ་བློན་མཆོག་དང་དམིགས་བསལ་སྐུ་མགྲོན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ནས་སྣང་གསལ་ཞལ་ཕྱེ་དང་སྦྲགས་མཛད་སྒོ་དབུ་འཛུགས་གནང་། དེ་ཡང་དཔལ་ལྡན་བཀའ་བློན་མཆོག་གིས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ནས་པར་སྐྲུན་ཞུས་པའི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཆུང་ཞིག་ཀྱང་དབུ་འབྱེད་གནང་ཡོད།

འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ནས་དམིགས་བསལ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དཔལ་ཇོ་ནང་གི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དང་། ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཡོང་ཐབས་སོགས་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོ་ད།

ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་གནང་རྒྱུ་རེད་འདུག བགྲོ་གླེང་ལྷན་ཚོགས་ནང་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་ཚབ་དང་མཁས་དབང་། དེ་བཞིན་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༥༠ ལྷག་མཉམ་ཞུགས་གནང་འདུག་བཅས།།

Share with your friends










Submit